མདོ་ཁམས་ཆུ་བཞི་སྒང་དྲུག་གི་ཐོག་མའི་བྱུང་བ།

དེ་ཡང་མདོ་ཁམས་ཆུ་བཞི་སྒང་དྲུག་བོད་ཀྱི་བསྟན་སྲུང་དང་བླངས་དམག་གི་ལོ་རྒྱུས་ འཆད་པ་ལ་མདོ་ཁམས་ཆུ་བཞི་སྒང་དྲུག་བསྟན་སྲུང་དང་བླངས་དམག་གི་སྒྲིག་འཛུགས་ བོད་ནང་ཐོག་མར་ཇི་ལྟར་དབུ་བརྙེས་པ་དང༌། བཙན་བྱོལ་དུ་ཕེབས་རྗེས་ཀྱི་གསང་བའི་འཇབ་དམག་གིས་སྟོད་གློ་ཡུལ་བརྒྱུད་དགྲ་ རྒོལ་ནུས་ཤུགས་ཇི་ལྟར་བྱུང་ཡང་རྗེས་སུ་དམག་སྒར་འཐོར་ཞིག་སོང་བ།  དམག་སྒར་ཉི་ཤུ་རྩ་གཉིས་ཀྱི་གནས་བབས། མཐར་མདོ་ཁམས་ཆུ་བཞི་སྒང་དྲུག་བསྟན་སྲུང་དང་བླངས་དམག་གི་སྒྲིག་འཛུགས་བདེ་ དོན་ལྷན་ཚོགས་ཀྱི་ངོ་བོ་བསྒྱུར་ཚུལ་བཅས་སྔོན་གླེང་སྔོན་དུ་བཏང་སྟེ་མུ་འཐུད་ དེ་འཆད་རྒྱུ་ཡིན། རྒྱ་བོད་གཉིས་ཚ་ཞང་དང་མཆོད་ཡོན་གྱི་མིང་ཁུར་ཏེ་ད་ལྟའི་གུང་ཁྲན་སྲིད་གཞུང་ལ་ མ་ཐུག་བར་ཆོས་སྲིད་ཟུང་འབྲེལ་ཁ་ལ་ཁྱེར་ཏེ་རང་རང་གི་ཉེ་འཁོར་དང༌། རང་གི་ཆོས་ལུགས། རྒྱ་དངུལ་དཀར་པོ། རྒྱ་ནག་གོས་ཆེན། རྒྱ་ནག་དཀར་ཡོལ་ལ་སོགས་པའི་རྒྱུ་ནོར་གྱི་ཁེ་ཕན་ཁོ་ན་མ་གཏོགས་བསམ་རྒྱུ་མེད་ པའི་དཔོན་ངན་དབང་ཤུགས་དང་ལྡན་པ་དེ་དག་གིས་བོད་རྒྱལ་ཁབ་ཚོང་རྫས་ལྟ་བུའི་ཐོག་ ནས་བོད་ཀྱི་ལོ་རྒྱུས་དང་སྤྱི་ཡི་ཁེ་ཕན་རླབས་ཆེ་ཆུང་ཙམ་ལས་མུ་འཐུད་དེ་ཚོང་ ཐབས་ཁོ་ནར་དམིགས་ཏེ་ཉམས་གུད་ཆེན་པོ་བཏང་བ་དང༌། དེ་རྗེས་གྲོས་མཐུན་དོན་ཚན་བཅུ་བདུན་བཞག་སྟེ་བོད་ཀྱི་ལོ་རྒྱུས་ཐོག་མ་འོངས་ པའི་མདུན་ལམ་བཟང་པོའི་སྒོ་ཆེན་ནམ་ཡང་ཕྱེ་རྒྱུར་དཀའ་ངལ་ཆེན་པོ་བཟོས་ཏེ་ད་ ལྟའི་བོད་གཞིས་བྱེས་ལྷ་མི་ཡོངས་ཀྱི་སེམས་ལ་ཚེར་མ་ཟུག་པ་ལྟ་བུའི་མི་བཟོད་ པའི་སྡུག་བསྔལ་དང༌། བུ་རབས་ཚ་རྒྱུད་ཚོར་སེམས་ངལ་རྒྱུན་མར་གནས་དགོས་བཟོས་པའི་སྡིག་ཉེས་ཚབས་ཆེ་ བསགས་མཁན་དེ་དག་ལ་སེམས་ན་བོད་མི་ཚོས་ཁོ་ཚོའི་གསོན་སྙིང་དྲོན་མོ་ཟོས་ཀྱང་ བཟོད་ཐབས་བྲལ་བའི་ལས་ངན་བསགས་ཡོད། རྒྱ་ནག་གུང་ཁྲན་གྱི་དམག་དཔུང་བོད་ནང་བཙན་འཛུལ་བྱས་ཏེ། ལོ་ངོ་སྟོང་ཕྲག་མང་པོའི་སྔོན་ནས་ཡོད་པའི་བོད་མིའི་ཁྲག་རྒྱུན་ལས་བྱུང་བའི་ སངས་རྒྱས་ཀྱི་བསྟན་པ་དང། ཐུན་མོང་མ་ཡིན་པའི་རིག་གཞུང༌། གོམས་གཤིས་དང་བཅས་པ་རྩ་བརླགས་ཤུལ་མེད་བཟོ་ཐབས། བོད་མིའི་འདི་ཕྱིའི་རེ་ས་སྐྱབས་གནས་བླ་སྤྲུལ་དགེ་འདུན་གྱི་སྡེ་རྣམས་དང༌། མི་རབས་ནས་མི་རབས་ངལ་བ་ཆེན་པོས་བསགས་པའི་རྒྱུ་ནོར་ལོངས་སྤྱོད་ཕལ་ཆེར་དགེ་ ཕྱོགས་སུ་དམིགས་ཏེ་བཞེངས་བསྐྲུན་གནང་བ་གྲངས་ལས་འདས་པའི་སྐུ་གསུང་ཐུགས་རྟེན་ གང་ན་ཅི་མཆིས།

བོད་རྒྱལ་ཁབ་ཀྱི་མངའ་ཐང་དང༌། རིན་ཐང་བྲལ་བའི་བོད་ཀྱི་ས་བཅུད་དང་ཡུལ་བཅུད་ཀྱི་གཏེར་ཁའི་རིགས། ཕ་མེས་མི་རབས་དུ་མར་བསགས་པའི་རྒྱུ་ནོར་ལོངས་སྤྱོད་ཡོངས་རྫོགས་ཟ་སེམས་འདོད་ རྔམ་གྱི་དུག་ཆུས་རབ་ཏུ་མྱོས་པའི་རྒྱ་ནག་གུང་ཁྲན་གྱིས་བོད་མིའི་ལུས་ཐོག་ཏུ་ དྲག་པོའི་དམག་གི་མཚོན་ཆའི་དྲག་ཆར་ཕབ་སྟེ་བོད་ཀྱི་ལྷ་སྲིན་སྡེ་བརྒྱད་ཀྱང་ གནས་ཐབས་མེད་པ་ལྟ་བུའི་ཛ་དྲག་ཅི་ཆེའི་བྱ་སྤྱོད་ངན་པའི་འོག་རྨི་ལམ་ཙམ་ཡང་ བཏང་མ་མྱོང་བའི་བོད་ཡུལ་མདོ་ཁམས་ཁུལ་དུ་ཕྱི་ལོ་ ༡༩༥༦ ལོ་ནས་བོད་མིའི་ལུས་སེམས་གཉིས་ཀྱི་ཐོག་བཙན་གནོན་དྲག་ཤུགས་ཁོ་ནར་བརྟེན་ཏེ་ དམངས་གཙོ་བཅོས་བསྒྱུར་གྱི་ལམ་ལུགས་ངན་པ་དེས་མནར་གཅོད་བཏང་དང་གཏོང་བཞིན་པའི་ བྱེད་ཐབས་ངན་པ་དེར་བཟོད་ཐབས་བྲལ་ཏེ་བསྟན་དགྲ་རྒྱ་དམར་གུང་ཁྲན་ལ་གདོང་ལེན་ འཐབ་འཛིངས་བྱས་འོག་ཕམ་ཉེས་སུ་གྱུར་པའི་མདོ་ཁམས་མི་མང་ཡུལ་གྱར་དུ་ཕེབས་དགོས་ བྱུང་བ་དེ་དག་དང། བོད་དབུས་ཁུལ་དུ་བཞུགས་པའི་ཚོང་ལས་དོན་གཉེར་ཅན་མདོ་ཁམས་དཔའ་བོ་ཚོས་རབ་ན་རང་ གི་རྒྱལ་ཁབ་དང། སངས་རྒྱས་ཀྱི་བསྟན་པ། ཐུན་མོང་མ་ཡིན་པའི་རིག་གཞུང་བཅས་སྲུང་སྐྱོབ་ཐུབ་རེ་ཁོ་ནར་བསམ་སྟེ་སོ་སོའི་ ལུས་སྲོག་ལོངས་སྤྱོད་དང་བཅས་པ་ཁ་ཙམ་མིན་པར་དོན་ངོ་མའི་བློས་བཏང་གནང་སྟེ་ རྒྱ་ནག་གུང་ཁྲན་སྲིད་གཞུང་གི་དམག་དཔུང་ཕ་མཐར་སྤྲོད་ཐུབ་པའི་དམ་བཅའ་བརྟན་ པོའི་ཐོག་དགྲ་ལ་དགྲ་ལན་སློག་ཕྱིར་མདོ་ཁམས་ཆུ་བཞི་སྒང་དྲུག་བསྟན་སྲུང་དང་ བླངས་དམག་གི་སྒྲིག་འཛུགས་འདི་དངོས་སུ་བཙུགས། ཚོགས་པའི་དམིགས་ཡུལ་གཙོ་བོ་རྒྱ་བོད་མི་རིགས་ཐ་དད་དང༌། རྒྱལ་ཁབ་ཀྱི་བདག་དབང་སོ་སོར་ཡོད་པ་ངོས་འཛིན་གསལ་པོའི་ཐོག་དགྲ་འཐབ་གྲངས་མང་ བྱས་ཏེ་ཕན་ཚུན་ཤི་བསད་ཁྲག་གི་འཁོར་ལོ་བསྐོར་བའི་གནས་ཚུལ་འཛམ་གླིང་ནང་ཡོངས་ གྲགས་སུ་ཐུབ་པ་བྱུང་ནའང་མཐར་མང་སྣེ་ཉུང་གིས་མ་བརྟན་པར་སྤྱི་ནོར་ྋགོང་ས་ སྐྱབས་མགོན་ཆེན་པོ་མཆོག་དང༌། གང་གི་དབུ་ཁྲིད་པའི་གཞུང་འཛིན་གཙོ་ཆེ་ཁག དེ་བཞིན་ཆོས་བརྒྱུད་ཆེན་པོ་བཞི་དང༌། གཡུང་དྲུང་བོན་བཅས་ཀྱི་བླ་ཆེན་དབུ་ཁྲིད་ཁག་གི་གཙོས་བོད་མི་སེར་སྐྱ་འབུམ་ ཕྲག་ལ་ཉེ་བ་སྒྲིག་འཛུགས་འདི་དང༌། སྒྲིག་འཛུགས་འདིའི་དར་ཆ་རལ་གྲི་ཁ་སྤྲོད་ཀྱི་འོག་ནས་སྐྱབས་བཅོལ་དུ་གདན་ཞུ་ ཐུབ་པ་ནི་ཉི་ཤར་སྦར་མོས་འགེབ་ཐབས་མེད་པའི་གྲུབ་འབྲས་ཟུབ་ཐུབ་ཐབས་མེད་པ་ རྒྱུ་འབྲས་ལྡན་པའི་བོད་མི་སྐྱེ་བོ་མཆོག་དམན་ཀུན་གྱི་སྙིང་དབུས་སུ་འཇོག་ དགོས་པ་ཞིག་ཡིན།

དངོས་གནས་བཀའ་དྲིན་ལ་བསམ་ཤེས་མེད་པ་དང་དྲིན་ལན་ལོག་འཇལ་རྒྱུ་འབྲས་གྱུར་མིད་ གཏོང་མཁན་གྱི་བོད་པ་ཞིག་མིན་ན་བོད་བསྟན་སྲིད་ཁོ་ནའི་ཆེད་དུ་ཤི་བསད་ཁྲག་གི་ འཁོར་ལོ་བསྐོར་བའི་མདོ་ཁམས་ཆུ་བཞི་སྒང་དྲུག་གི་ངོ་བོ་དང་དམིགས་ཡུལ་ངོ་ སྤྲོད་འགྲེལ་བཤད་དགོས་གལ་མེད་པ་ཕྱི་བལྟས་ནང་གསལ་ཡིན། འོན་ཀྱང་དུས་ཀྱི་འགྱུར་འགྲོས་དང་སྤྱི་ཚོགས་ཀྱི་འཕོ་འགྱུར། བསམ་མེད་དུད་འགྲོ་དང་ཁྱད་མེད་པའི་བོད་མི་ཆེ་ཆུང་མང་པོ་ཞིག་གིས་ཕན་མེད་གནོད་ འགྱུར་གྱི་ལས་འགུལ་དང༌། ལས་འབྲས་ཁྱད་བསད་དང་དངོས་བདེན་གྱི་ལོ་རྒྱུས་ནག་འབྱམས་སུ་གཏོང་རྒྱུའི་བསམ་ སྦྱོར་ངན་པ་འཛིན་མཁན་གཡག་ཞར་གྱིས་རྩ་ཟོས་ལྟ་བུའི་གཟུ་བོར་མ་གནས་པའི་བོད་མི་ མང་པོ་ཡོད་སྟབས་དེང་རབས་གཞོན་སྐྱེས་དང། རྒྱུས་མངའ་ཡེ་ནས་མེད་པའི་སྐྱེ་བོ་ཕོ་མོར་ལོག་བཤད་དང་ལོག་འགྲེལ་གྱི་ལོག་ རྟོག་ངན་པ་རྒྱུན་འཇགས་སུ་མི་འབྱུང་བ་དང༌། བོད་ཡུལ་ཡོངས་རྫོགས་བོད་མིའི་ཡིན་པ་ངོས་འཛིན་གསལ་པོ་བྱེད་ཐུབ་པའི་སླད་མདོ་ ཁམས་ཆུ་བཞི་སྒང་དྲུག་གི་ཐོག་མའི་བྱུང་རིམ་དང་དམིགས་ཡུལ་གྱི་རྨང་གཞི་ནི། ཞང་བོད་འཐབ་རྩོད་ཀྱི་གཡུལ་ཐག་ཆོད་མཚམས་དྲང་ཚུགས་ལྡན་པའི་བོད་སྔ་རབས་པའི་ མཁས་དབང་མང་པོས་བོད་རྒྱལ་ཁབ་ཀྱི་ས་ཁྱོན་ལ་དོན་དངོས་དང་མཐུན་པའི་མིང་ཚིག་ལོ་ རྒྱུས་ཡོངས་གྲགས་སུ་གཏན་འབེབས་གནང་བ་ནྀ། སྟོད་མངའ་རིས་སྐོར་གསུམ། བར་དབུས་གཙང་རུ་བཞི། སྨད་མདོ་ཁམས་སྒང་དྲུག་གམ། ཡང་ན་སྟོད་མངའ་རིས་སྐོར་གསུམ་རྫིང་བུ་ལྟ་བུ།  བར་དབུས་གཙང་རུ་བཞི་ཡུར་བ་ལྟ་བུ། སྨད་མདོ་ཁམས་སྒང་དྲུག་ཞིང་ས་ལྟ་བུ་ཅེས་བོད་རྒྱལ་ཁབ་ཀྱི་ངོ་བོ་འམ་གྲུབ་ཆ་ ཁུངས་ལྡན་གསལ་སྟོན་གནང་བ་རྒྱུ་མཚན་དུ་བཀོད་དེ་མདོ་ཁམས་ཆུ་བཞི་སྒང་དྲུག་གི་ ངོ་སྤྲོད་ཞུ་རྒྱུ་ཡིན།
མདོ་ ཁམས་ཆུ་བཞི་སྒང་དྲུག་བསྟན་སྲུང་དང་བླངས་དམག་དྲག་པོའི་སྒྲིག་འཛུགས་ཅེས་ཡུལ་ གྱི་མིང་ཡུལ་ཅན་སྒྲིག་འཛུགས་སམ་དམག་ལ་འདོགས་དགོས་པའི་རྒྱུ་མཚན་ནི་སྒྲིག་ འཛུགས་གསར་གཏོད་བྱེད་པོ་དང་དྲག་པོའི་སྒྲིག་འཛུགས་ནང་གི་ཤི་གསོན་གཉིས་རེ་ཤས་ ཙམ་ལས་ཡོངས་རྫོགས་ཆུ་བཞི་དང་སྒང་དྲུག་གི་ཁྱབ་ཁོངས་ནས་ཡིན་པས་དང༌། ཕྱོགས་གཞན་ཞིག་ནས་བཤད་ན་རྒྱ་བོད་གཡུལ་འཁྲུགས་སྐབས་བོད་གཞུང་དང་དབུ་ཁྲིད་ལས་ བྱེད་ཚོའི་གནས་སྟངས་ལ་གུང་ཁྲན་གྱིས་སུན་བཙིར་དང་ཁག་དཀྲི་འདྲ་མིན་ཐོག་གཞུང་ ཕྱོགས་ནས་དྲག་པོའི་སྒྲིག་འཛུགས་ལ་འགོག་རྐྱེན་འདྲ་མིན་མི་ཡོང་བའི་ཆེད་དུ་ ཡིན། དེ་བཞིན་རྒྱ་དམག་ལ་བོད་གཞུང་ནས་ཁ་གཏད་གཅོག་རྒྱུའི་འཆར་གཞི་མེད་པ་དང་སྐུ་ དྲག་ཕལ་ཆེར་རྒྱ་མིའི་རྒྱུགས་ཁྱི་ཆགས་ཟིན་པ་བཀའ་བློན་མི་བཞིའི་ནང་དུའང་གོ་ བསྡུར་བྱུང་བའི་ནང་དོན་ཆུ་ཚོད་ཁ་ཤས་རྗེས་སུ་རྒྱ་མིའི་ཨམ་བན་ཚོས་ཤེས་འགྲོ་ གི་ཡོད་པ་བཅས་ཀྱི་དཀའ་ངལ་དུ་མ་ཡོད་པར་བརྟེན་དགྲ་བོར་འཐབ་འཛིངས་བྱེད་མཁན་ གྱི་ངན་ཁག་མདོ་ཁམས་མི་མང་གིས་ཁུར་ཐུབ་པའི་རེ་བ་བྱས་ཏེ་མདོ་ཁམས་ཆུ་བཞི་སྒང་ དྲུག་བསྟན་སྲུང་དང་བླངས་དམག་ཅེས་པའི་ཐ་སྙད་དང་སྒྲིག་འཛུགས་གཏན་འབེབས་གནང་ ཡོད། འོན་ཀྱང་དངོས་ཡོད་བྱུང་རབས་ལོ་རྒྱུས་དོན་སྙིང་དང་ལྡན་པ་འདི་དག་ནག་བསུབ་ གཏོང་ན་སྤྱི་སྒེར་སུ་ལའང་ཕན་ཐོག་མེད་ཀྱང་བོད་ཀྱི་ལོ་རྒྱུས་དངོས་བདེན་ལྐོག་ ཏུ་སྦས་ཏེ་བཅོས་མའི་རྫུན་གཏམ་མངོན་དུ་འདོན་རྒྱུར་འཛེམས་ཟོན་ཙམ་ཡང་མེད་པ་མ་ ཟད་དེ་རིགས་མངོན་པར་མཐོན་པོར་བསྟོད་བཞིན་པ་འདི་རིགས་ཁ་ནས་བྱམས་དང་སྙིང་རྗེ། ནང་པའི་ལྟ་གྲུབ་བཤད་བཞིན་བོད་མིའི་ཐུན་མོང་མ་ཡིན་པའི་རིག་གཞུང་དང༌། བཟང་སྤྱོད་རྩ་བརླགས་གཏོང་མཁན་གྱི་བྱེད་གཏེ་མི་ངན་ཉུས་ཤས་དེ་དག་གིས་ཆུ་བཞི་ སྒང་དྲུག་དངོས་གནས་དེ་མེད་པ་བཟོ་ཐུབ་ན་བོད་རང་བཙན་རགས་པ་ལས་ལྷག་པ་དང༌། རྒྱལ་བའི་དགོངས་གཞི་འགྲུབ་ཀྱི་ཡོད་པ་ལྟ་བུའི་ངན་བྱུས་སྣ་ཚོགས་ཀྱིས་བྱ་ སྤྱོད་ངན་པ་སྤེལ་མཁན་ཚོའི་རྫུན་རྐུབ་དམར་རྗེན་དུ་འདོན་ཆེད་དང༌། བོད་ཀྱི་མ་འོངས་བསྟན་པའི་སོན་རྩ་གཞོན་སྐྱེས་རྣམ་པའི་མདོ་ཁམས་ཆུ་སྒང་བསྟན་ སྲུང་དང་བླངས་དམག་གི་ལོ་རྒྱུས་རྣམས་ཤེས་རྟོགས་ཡོང་ཆེད་དགོས་པའི་སྒོ་དུ་མ་ལ་ དམིགས་ཏེ་བོད་ལྷོ་ཁ་ལྕགས་ཚ་གྲི་གུ་ཐང་དུ་མདོ་ཁམས་ཆུ་སྒང་དབུ་བརྙེས་ནས་མི་ ལོ་ཧྲིལ་པོ་ ༥༠ འཁོར་བའི་དུས་དྲན་དང་བསྟུན་རིམ་འགོད་ཞུ་རྒྱུ་ཡིན།
དེ་ ཡང་ཆུ་བཞི་དང་སྒང་དྲུག་ནི་ལོ་རྒྱུས་ལས་ཟུར་འདོན་ཞུས་ཏེ་སོ་སོར་བཤད་པ་ལ་ གཉིས་ཏེ་ཐོག་མར་ཆུ་བཞིའི་དང་པོར་རྨ་ཆུ་ལན་མོ་ནི། རྨ་སྟོད་ནས་འབབ་པས་རྨ་ཆུ་དང༌། གྱ་གྱུའི་ཁུག་པ་བཅོ་བརྒྱད་ཡོད་པས་ལན་མོ་ཟེར།  གཉིས་པ་འབྲི་ཆུ་སེ་བོ་ནི།  གདོང་ལའི་ཤར་ངོས་འབྲི་ཡི་མཐུར་མགོ་ལ་ནས་ཨ་ཆེན་ཆུ་མ་རབ་བདུན་བརྒྱུད་ནས་འབབ་ པས་འབྲི་ཆུ་དང། གསེར་ལྡན་གྱི་ཆུ་བོ་ཡིན་པས་སེ་བོ་ཟེར།  གསུམ་པ་རྫ་ཆུ་སིལ་མ་ནི། རྫ་སྟོད་ཧོར་པོ་འབྲུག་ལྡིང་ནས་བབ་པའི་རྫ་ཆུ་དང༌།  དྭངས་མོ་ཡིན་པས་སིལ་མ་ཟེར་ཞིང། ངོ་ཆུ་ཡང་རྫ་ཆུར་འདྲེས། དེ་ནས་ཟླ་ཆུ་ཡང་འབོད།   བཞི་པ་དངུལ་ཆུ་ཁམས་པ་ནི།  གདོང་ལའི་ནུབ། སྐྱ་ནག་མཚོ་ཡི་འདབ་ནས་བབས་པས་ནག་ཆུ་དང༌། ནག་ཆུ་དང་ཤག་ཆུ་འདུས་ནས་ནག་ཤོད་སུམ་མདོ་ནས་འབབ། ནག་ཆུ་དང་སོག་ཆུ་འདྲེས་ཏེ་ནག་སོག་སུམ་མདོ་ནས་རྒྱ་ཤོད་བན་མཁར་བརྒྱུད་རྔུལ་ མོ་རོང་ནས་འབབ་པས་རྔུལ་ཆུ་དང༌། འགའ་རེས་དངུལ་ཆུ་ཡང་བྲིས། དབྱར་དགུན་གཉིས་ཀར་དྭངས་མོ་མེད་པས་ཁམས་པ་ཟེར། འགའ་རེས་ཁམས་པ་དངུལ་དང་འདྲ་བའི་དངུལ་ཆུ་ཅེས་འབྲི་སྲོལ་འདུག་པ་བཅས་ཆུ་བཞི་ ཞེས་འབོད།  འོ་ན་མདོ་ཁམས་གཉིས་ལ་ཆུ་བོ་བཞི་ལས་མེད་པ་ཡིན་ནམ་བསམ་མཁན་རྒྱུས་མེད་འགའ་ཡོང་ སྲིད་མོད།      མདོ་ཁམས་གཉིས་སུ་ཆུ་ཆེན་དལ་གྱིས་འབབ་པ་དང༌།  ཆུ་ཕྲན་རྣམས་མིག་མང་རིས་སུ་བྲིས་པ་ལྟ་བུའི་གྲངས་ལས་འདས་པ་ཡོད་པ་དེ་དག་ཐམས་ ཅད་ཆུ་བོ་ཆེན་པོ་འདི་བཞི་ཡི་ནང་དུ་འདུས་ཏེ་ཆུ་བོ་གཉིས་རྒྱ་ནག་བརྒྱུད་རྒྱ་ མཚོར་འབབ་པ་དང༌། ཆུ་བོ་གཉིས་ཡུའུ་ནན་བརྒྱུད་རིམ་པར་རྒྱ་མཚོར་འདུ་བ་ཡིན་ནོ།གཉིས་པ་སྒང་དྲུག་སོ་སོར་བཤད་པ་ལ། 

དང་པོ་ཤར་ཟླ་སྒང་ནི།    ཤར་ཏུར་ཀི་སི་ཐན་དང༌། སོག་པོ། རྒྱ་ནག་ལན་གྲུ་ཞིང་ཆེན་བཅས་ཀྱི་ལྷོ་ངོས། སྟོད་ཁུན་ལུང་རི་བརྒྱུད། ཨ་ཆེན་བྱང་ཐང་མན་དང༌། རྨ་ཆུ་ལན་མོའི་བྱང་ངོས་ཐམས་ཅད་ཀྱི་ས་སྡེའི་རྒྱ་ཁྱོན་ཡོངས་ཀྱི་དབར་ན་ཡོད་པ་ དེར་ཤར་ཟླ་སྒང་ཞེས་འབོད་ཅིང༌། དཔེར་ན། རྨ་ཆུ་ལན་མོའི་བྱང་ངོས་རྨ་སྟོད་དབང་ཆེན་འབུམ་དཔོན་ཁག་གསུམ།  པདྨ་འབུམ་དཔོན་ཁག་བརྒྱད་ཀྱི་བྱང་ངོས། ཨ་སྐྱོང་འབུམ་དཔོན་ཁག་ལྔ་བཅས་འགོ་ལོག་ཁུལ་རྨ་ཆུའི་བྱང་རྒྱུད་རྣམས་དང༌། དེ་མཚུངས་མཚོ་ཁྲི་ཤོར་རྒྱལ་མོའི་ནུབ་ཧ་སག་ཁུལ་དང༌། བང་སྟག་སྡེ་པ། སོག་པོ་ཨོ་རོད་ཚོ་ཁག་ཆེ་ཆུང༌། ཀོང་ཚ་དང༌། ཁྲི་ཀ་ཁུལ། གེ་གཤོང་དང༌། ཟི་ལིང༌། ཙོང་ཁ་ཡུལ་ཆེན་བཅོ་བརྒྱད། བྱ་ཁྱུང་ཁུལ།  གཅན་ཚ་ཁུལ་གྱི་བྱང་ངོས། ཚ་ཆེན་བཅོ་བརྒྱད་ཟེར་བ། བིས་མདོ། བ་ཡན། རྡོ་སྦིས། གྲོ་ཚང་ཤོག་བདུན། རི་བོ་དན་ཏིག་དང༌། ཡང་ཏིག ལུང་མདོ་དང༌། རྨ་གཙང༌། བྱང་དཔལ་རིས་ཁུལ། དཔལ་རིས་ཐན་ཐང༌། སྟག་ལུང༌། མདོ་ལ་རིང་མོ་ཡན་ཆོད་སོགས་རྨ་ཆུའི་བྱང་ངོས་སུ་གནས་པའི་ཨ་མདོ་དང༌། འགོ་ལོག་ཕྱེད་བཅས་ཤར་ཟླ་སྒང་དུ་གནས།    གཉིས་པ་རྨ་ཟླ་སྒང་ནི། 

རྨ་ཆུ་ལན་མོའི་ལྷོ་ངོས་ཀྱི་ས་སྡེ་ཐམས་ཅད་དང༌། འབྲི་ཆུ་སེ་བོའི་ཟླ་རླུང་ཆེན་མོའི་བྱང༌། ཡ་ཀི་ཨ་ཆེན་ཆུ་དམར་རབ་བདུན་ནས། མ་ཀི་རྒྱ་ནག་ཟི་ཁྲོན་ཞིང་ཆེན་གྱི་ས་མཚམས་ཧྲི་མན་རྫོང་ཟེར་བ་ཡན་མི་ཉག་གཡུ་ རི་སྒང་ཚུན་གྱི་བྱང་ངོས་ཐམས་ཅད་དུ་གནས་པའི་ས་སྡེ་རྒྱ་ཁྱོན་ཡོངས་ཀྱི་དབར་ན་ གནས་པ་རྣམས་ལ་རྨ་ཟླ་སྒང་ཞེས་འབོད་ཅིང༌། དཔེར་ན། མས་ནས་ཚུར་རྩིས་ན། ཧོའུ་ཀྲུའུ་དང༌། ཧོར་ཚང༌། གན་བརྒྱ། གསང་གཞུང་བླ་བྲང༌། བ་རྩི་མཁར། ཀླུ་ཆུའི་ཁུལ། གཙོས་ཁུལ། ཅོ་ནེ་དམག་རུ ༤༨། མཛོད་དགེ་སྟོད་སྨད། ཁ་གྱ་ཚོ་དྲུག གཅན་ཚ་གཙོས་ཚ་ཆེན་བཅོ་བརྒྱད་ཟེར་བའི་ཚ་ཆེན་ལྔ་དང༌། རེབ་ཀོང་ཡུལ་འབྲོག  སོག་པོ་མདའ་བཅུ་གཅིག དངུལ་ར་ལྷ་སྡེ། སྟག་ཚང་ལྷ་མོ། འབྲུག་ཆུའི་བརྒྱུད། རྨེ་པ་དང༌། རྔ་པ༌། ཤར་པ། ཨ་མཆོག ལྡི་བུ། ཀ་རོང་སོགས་ཨ་མདོ་བ་རྣམས་དང༌།  དམའ་ས་ནས་ཡར་རྩིས་ན། ཁམས་རྨི་ལི་དང༌། རྒྱལ་ཟུར། ཉག་ཆུ་ཁ། ལི་ཐང༌། འབའ་པ། གླིང་ཁ་གཤིས། ཆ་འཕྲིང༌། སྡེ་རོང་དྲག་དཔུང་ཁུལ། མདོ་པ། ཐོ་ལོང༌། ས་ཐང། ཡང་ཐང༌། རྒྱལ་ཐང༌། འཇོལ། འཇར་སྡེ། ཀོང་རག་བཅས་དང༌། ཉག་རོང་དང༌། རྟའུ་ཁུལ། དམ་པ་རང་གྲོལ་ཕྱོགས། བྲག་མགོ་ཁུལ། བྲེ་བོ། སྟོང་སྐོར། ཤིས་ཁོག  གཙང་སྟོད་སྨད། རྡོ་སྙི་གསེར་གསུམ། དབལ་ཤུལ་གསེར་རྟ་ཚོ་མ་ལག་བཅོ་བརྒྱད། སྒེར་རྩེ་ཁག དཀར་མཛེས། བེ་རི། ཡར་སྟོད་གླིང་ཚང་ཤོག་ལྔ། རྫ་སྟོད་སྨད་བར་གསུམ། གླིང་ཚང་རྒྱལ་འབངས་ཡུལ་འབྲོག འདན་ཁོག།  བྱང་སྡེ་རྫ་ཆུ་ཁ་པ། འགོ་ལོག་ལྷོ་མ་དབང་ཆེན་དཔོན་སྐོར་མ་དང༌། ཧོར་སྐོར་མ། ཁྲོམ་སྐོར་མ། ཡག་དང༌། ཡུག་དང༌། ཡག་ར་སྟག་རྩེ། གུ་ར་རྫ། བ་ཡན་སྡེ་པ། ཁྲ་ཁོག སྡོམ་མདའ་སོགས་དང༌། པད་མ་འབུམ་དཔོན་ཁག་བརྒྱད་ཀྱི་རྨ་ཆུ་ལྷོ་རྒྱུད་པ་རྣམས་དང༌། ནང་ཆེན་ཉེར་ལྔའི་ཁོངས་ཨ་མྱེ། ཡོང་ཤ། ཤུལ་མ། དཔོན་རུ་སྟོད་སྨད། མཁར་ནང་སོ། ཁྲི་འདུ་དང། དབོན་པོ། ལབ་དང༌། སྒ་སྟོད། འབྲི་སྟོད་བྱང་བརྒྱུད། ཉ་མཚོ་སྟོད་སྨད་སོགས། སྡེ་དགེའི་མངའ་ཁོངས། ཟིལ་བརྒྱུད། ཁྲོ་ཁག རྨེ་གཏེར། རྫོགས་ཆེན། འཛིན་ཁོག རག་ཆབ། ཧོར་པོ། དཔལ་ཡུལ། དཔེ་ཝར། ཁྲོམ་ཐར།  སྒ་རྗེ། རྩམ་མདོ། འབའ་རོང༌། བྲག་དམར། ས་ངན་རྫོང་སོགས་འབྲི་ཆུའི་བྱང་བརྒྱུད་ཁག་དང༌། རྨ་ཆུའི་ལྷོ་བརྒྱུད་དབར་ན་གནས་པའི་ས་སྡེ་རྒྱ་ཁྱོན་ཡོངས་ལ་རྨ་ཟླ་སྒང་ཞེས་ འབོད།  གསུམ་པ་འབྲི་རྫ་སྒང་ནི།

འབྲི་ཆུ་སེ་བོའི་ལྷོ་ནུབ། རྫ་ཆུ་སིལ་མའི་ཤར་རམ་བྱང་ངོས་འཛིན་ཇི་ལྟར་བྱས་ཀྱང་ཁྱད་མེད་ཅིང༌། ཆུ་བོ་དེ་གཉིས་ཀྱི་དབར་ན་གནས་པ་དག་ལ་འབྲི་རྫ་ཟལ་མོ་སྒང་ཞེས་འབོད། དཔེར་ན། སྟོད་ནས་མར་རྩིས་ན། འབྲི་ཡི་མཐུར་མགོ་ལ་ནས་འབབ་པའི་འབྲི་ཆུའི་ལྷོ་བརྒྱུད་དམ། ནུབ་བརྒྱུད་དུ་གནས་པ་ནང་ཆེན་ཉེར་ལྔའི་ཁོངས་ཨ་ཆེན་ཆུ་དམར་ལེབ་དང༌། ཡག་ར། ཡེ་ཤུལ། གཙང་བརྒྱུད། འབྲི་སྟོད་ལྷོ་བརྒྱུད་ཆ་ཚང༌། སྐྱེ་རྒུ་མདོ། ར་ཟླ། བུ་ཆེན། ཟུར་མོང༌། ཨ་ཁྲོ། དགེ་རྒྱས་རྫ་སྟོད་སྨད་བར་གསུམ། ནང་ཆེན། ཨ་ཤག རོང་པོ། སྡོམ་པ། ཤོ་མདོ། སྤིས་རྫ་ཁ། འབྲོང་པ་སྟོད་སྨད་གསར་གསུམ། ཅི་འགོ་རོང་འགག་ནས་རི་བོ་ཆེ་བྱང་ངོས། ཆབ་མདོ། སྡེ་དགེ་ཕྱི་འབྲོག ལྷ་ཐོག ཉ་གཤིས་ལྷོ་པ་ཤོག་ལྔ། འཇོ་མདའ། ཐང་ཕུག  རྔད་པ། སྐམ་ཐོག དཔེ་ཝར་ཆུ་སྲིབ། སྐུ་སེ། སྤོ་ལུ། གོ་འཇོ་སྡེ་ཁག བྲག་གཡབ་ཤར་མ། སྨར་ཁམས་ཡུལ་ཁག འབོ་པ། འཇོལ་པ་སོགས། འབྲི་ཆུ་སེ་བོ་དང༌། རྫ་ཆུ་སིལ་མ་གཉིས་ཀྱི་དབར་ན་གནས་པའི་ས་སྡེ་རྒྱ་ཁྱོན་ཡོངས་ལ་འབྲི་རྫ་སྒང་ ཞེས་འབོད།  བཞི་པ་དངུལ་རྫ་ཟལ་མོའི་སྒང་ནི།

རྫ་ཆུ་དང༌། ངོམས་ཆུ་གཉིས་འདུས་པ་ནས་བཟུང་ཟླ་ཆུ་ཟེར་ཞིང༌། རླ་ཆུ་འམ། ཟླ་ཆུའི་ནུབ་དང༌། རྔུལ་ཆུ་ཁམས་པའི་ཤར་རམ། བྱང་ངོས་སུ་གནས་པ་དག་ལ་དངུལ་ཟླ་སྒང་ཞེས་འབོད་ཅིང༌། དཔེར་ན། ཆབ་མདོ་དང་རི་བོ་ཆེ་རྡོ་ཤུལ་བཅས་ཀྱི་ནུབ་ངོས་དང༌། ཁྱུང་པོ་དཀར་རུ་སྟོད་ལྡིང་ཕྱེད་བཅུའི་ས་ཁྱོན་ལྷོ་རྒྱལ་མོ་རྔུལ་ཆུ་དང༌། བྱང་དེམ་ཆི་ཉི་ཤུ་རྩ་ལྔའི་ཚུན་ཆད། དེ་བཞིན་ཁྱུང་པོ་དཀར་རུ་སྨད་ལྡིང་ཕྱེད་ལྔ། ནག་རུ་ལྡིང་དཔོན་ཕྱེད་དྲུག  ཁྱུང་སེར་རྒྱལ་པོའི་ཁྱབ་ཁོངས་ག་ཁྲི་སེར་གསུམ། རྨ་རོང་དང༌། ཁྲོམ་ཚང༌། རོང་པོ། ཅུང་པ། བོད་སོག་པ། ནག་རུ་གཡལ་མཐའ་ནས་བྱང་འདམ་གཞུང་བར། ཡེ་ཐ། སོག་སྡེ། སྦྲ་ཆེན། འབྲོག་ཤོག། དྲུག་ཅུ་མ། རྒྱས་ཤོད། ནག་ཤོད། རྫ་དམར། ཨ་གྲགས། བར་རྟ་ལྡེང་དགུ ཨ་མདོ་ཤོག་བརྒྱད། སྙན་རོང༌། ནག་ཆུའི་ལྷོ་བྱང་ཤར་གསུམ། སྟག་ཕྲུག ཀླུ་ཟོག་སོགས་དང༌། སྨད་ལ་སོང་ན། ལ་གོང་དང༌། ཚ་བ་སྤོམ་མདའ་ཁུལ། ཚ་བ་མཛོ་སྒང༌། ཚ་བ་རོང༌། ཚ་བ་རོང་གི་ཤར་ངོས། ཁ་བ་དཀར་པོ། འཇང་སྡེ་སོགས་ཟླ་ཆུ་དང༌། དངུལ་ཆུ་གཉིས་ཀྱི་དབར་ན་གནས་པའི་ས་སྡེ་རྒྱ་ཁྱོན་ཡོངས་ལ་དངུལ་རྫ་སྒང་ཞེས་ འབོད།  ལྔ་པ་སྤོ་འབོར་སྒང་ནི།

དངུལ་ཆུ་ཁམས་པའི་ནུབ་དང༌། ལྷོ་ངོས། དབུས་གཙང་རུ་བཞི་རུ་ལག་དང་བཅས་པའི་ཤར་དང༌། བྱང་ངོས་བཅས་པ་དག་ལ་སྤོ་འབོར་སྒང་ཞེས་འབོད་ཅིང༌། དཔེར་ན། ཚ་བ་ཁོག་གི་ནུབ་ངོས་ཐམས་ཅད་དང༌། རྫ་ཡུལ། སྤོ་བོ་བཀྲ་མོག རྩ་རི་རོང༌། པདྨ་བཀོད། ཚ་བ་དཔའ་ཤོད་དང༌། ཚ་བ་སྟོད། ཞྭ་ཡེ། ལྷོ་རྫོང་ཁུལ། ཤོ་མདོ་རྫོང་ཁུལ། སྟར་རྫོང་ཁུལ། རྒྱལ་སྟོན་ལྡིང་ཤོག་བཅུ་གཉིས། ནག་ཤོད་འབྲི་རུ། ནག་རོག བུ་འཛུམ། སེན་ཚ། ནེམ་ཚ་སོགས་དང༌། སྐྱ་ནག་མཚོ་ཡི་རི་བརྒྱུད་འདམ་ལྕོག་རྩེ་ལ་བརྒྱུད་གཡང་རི་འཁོར་ཆེན་ནས་ནག་ཤག་ སུམ་མདོ་ཁུལ། བཀྲ་རྒྱན་བེ་ཧུ་དང༌། ཕྲ་རིང༌། རག་ཤི། འགམ་དཔོན། བོང་འཕན་དཔོན། ལྷ་རི་འགོ་པ། མེར་ཁྲི་མེར་གཞུང་གི་འབྲི་ནག་ལ་ཚུན། རྒྱ་ཤོད་བན་མཁར། སྤོ་བོ། སྤོ་བོ་བཀྲ་མོག ཀོང་པོ་སོགས་རུ་བཞི་རུ་ལག་དང་བཅས་པའི་སྣེ་མཚམས་དང་དངུལ་ཆུ་ཁམས་པ་གཉིས་ཀྱི་ དབར་ན་གནས་པའི་ས་སྡེ་ཡོངས་ལ་སྤོ་འབོར་སྒང་ཞེས་འབོད།  དྲུག་པ་མི་ཉག་ར་བ་སྒང་ནི།

བོད་ཤར་ཕྱོགས་ཤར་མི་ཉག་གཡུ་རི་རྩེ་རྒྱལ་ནས་ཤར་སྟོད་རྨ་རྒྱལ་སྤཽམ་ར། རྨ་འཁོར་སུམ་བརྒྱ་དྲུག་ཅུ་འབོད་པའི་ལས་ལས་ལྷོ་རྒྱུད་མི་ཉག་གཡུ་རིའི་གདོང་ རྒྱུད་མ་ཆད་པར། ར་བ་ལྟར་བསྐོར་ནས་ཡོད་པའི་བརྒྱུད་རིམ་ཀླུ་ཆུ་སྔོན་མོའི་ལྷོ་ངོས་ཐེ་བོ་རོང་ གི་སྒང་རིམ་རོང་ལྡོང་ཐེ་འདུ་ཉག  རི་ཉིའི་མཆོད་རྟེན་དཀར་པོ་ཟེར་བའི་རི་རྒྱུད་རྒྱ་ནག་གི་ས་མཚམས་བོད་ཐང་རིང་ མོ་ཟེར་བའི་བར་དང༌། རི་རྒྱུད་ཡུལ་ཁམས་དེ་དག་གི་ཆུ་བོ་འབྲུག་ཆུ་དང༌། ཀན་ཤན་ཤིང་སྒོ་ཡན། མི་ཅང་ཆུ་དང༌། རྨུ་ཆུ་ལ་སོགས་པ་ནུབ་ནས་ཤར་ལ་འབབ་བཞིན་ཡོད་པའི་ས་ཆ་རྒྱལ་རོང་རྒྱལ་ཁག་བཅོ་ བརྒྱད་ཅེས་པ་ཆགས་ཡུལ་ལ་ར་བ་སྒང་ཞེས་འབོད།   དཔེར་ན། སྨད་ནས་ཡར་རྩིས་ན། ལུ་ཏི་ཆ་བོ། མི་ཉག་ལྕགས་ལ་རྒྱལ་པོ། ཤར་ངོས་འགུ་ཐང་རྒྱལ་པོ། ནུབ་ངོས་དམ་པ་རྒྱལ་པོ།  བཙན་ལྷ་རྒྱལ་པོ། བྲག་སྟེང་རྒྱལ་པོ། དགེ་བཤེས་རྩ་རྒྱལ་པོ། ཁོ་ཁྲང་རྒྱལ་པོ། ལྕོག་རྩེ་རྒྱལ་པོ།  ཚ་ཁོ་རྒྱལ་པོ། ཁྲོ་སྐྱབས་རྒྱལ་པོ།  འབར་ཁམས་རྒྱལ་པོ། སུང་ཕན་རྒྱལ་པོ།  རྨུ་གེ་རྒྱལ་པོ། ཁྲོ་ཆུ་རྒྱལ་པོ། སོ་མོང་རྒྱལ་པོ། གཟིམ་འགག་རྒྱལ་པོ།  ཟངས་ཆུ་རྒྱལ་པོ་སོགས་རྒྱ་ནག་པོའི་ས་མཚམས་ཡན་ཆོད་དང༌། མི་ཉག་གཡུ་རི་སྒང་རྒྱུད་ཀྱིས་ར་བ་ལྟར་བསྐོར་བའི་ས་སྡེ་རྒྱ་ཁྱོན་ཡོངས་ལ་མི་ ཉག་ར་བ་སྒང་ཞེས་འབོད་པ་བཅས་ཆུ་བཞི་དང༌། སྒང་དྲུག་གི་གནས་སྟངས་རྒྱུུ་མཚན་ལྡན་པའི་ས་ཆུའི་དཔྱད་པ་འདི་དག་བོད་ཀྱི་མི་ རབས་གོང་མ་རྣམས་ཀྱི་བཞག་པར་གུས་བརྩི་ཆེན་པོས་འདིར་ཟུར་འདོན་བགྱིས་པ་ཡིན།  ཡང་འགའ་རེས་ཚ་བ་སྒང་དང༌། སྨར་ཁམས་སྒང༌། སྤམ་པོ་ར་ཟེར་བར་ཨུ་ཚུགས་ཀྱིས་སྒང་དྲུག་གི་ནང་ཚན་དུ་ངོས་འཛིན་བྱས་ཏེ་གསུང་ འདུག་མོད། དེ་དག་ནི་དོན་དངོས་དང་མི་མཐུན་ཏེ་ཁྱབ་ཆུང་བའི་ཕྱིར། ཁམས་པའི་སྡེ་ཚན་ཁག་གཅིག་ཆུ་བཞི་དང་སྒང་དྲུག་གི་ཁྱབ་ཁོངས་སུ་མ་འདུས་པའི་ ཕྱིར།  བླ་མ་འགའ་རེའི་རྣམ་ཐར་དུ་གོང་གི་སྒང་ཆུང་རྣམས་སྒང་དྲུག་གི་ནང་ཚན་དུ་གསལ་ འདུག་ཞེ་ན། དེ་ནི་བཤད་སྲོལ་ཙམ་བཀོད་གནང་བ་ལས་མཐའ་ཆོད་པའི་གཏམ་བཟང་ནི་མ་ཡིན་ནོ། དཔེར་ན། ཚ་བ་སྒང་དང༌། སྨར་ཁམས་སྒང་ལ་སོགས་པ་ནི་ཁམས་པའི་ལུང་ཚན་རེ་ཤས་ལ་སྒང་ཞེས་མིང་བཏགས་པ་ཙམ་ལས་ མདོ་ཁམས་སྒང་དྲུག་གི་ནང་ཚན་གྱི་སྒང་དུ་འཇོག་མི་རིགས་ཏེ་དེ་འདྲ་བའི་སྒང་ཆུང་ དུ་མ་ཡོད་པའི་ཕྱིར་ཏེ། ལྷ་ཐོག་ཀེ་རེ་སྒང་དང༌། ཁྱུང་པོ་གནམ་མཐིང་སྒང༌། བ་བྲེ་ཟེ་མོའི་སྒང༌། ཨ་ཇ་ཛི་འགུལ་སྒང༌། མི་ཉག་སྤག་ལྷ་སྒང་སོགས་དུ་མ་ཡོད་པའོ།
ད་ནི་ལོ་རྒྱུས་དངོས་གཞིའི་ས་ བཅད་གསུམ་ལས་ཐོག་མར་བསྟན་སྲུང་དང་བླངས་དམག་གི་སྒྲིག་འཛུགས་བོད་དུ་ཇི་ལྟར་ དབུ་བརྙེས་པའི་ཚུལ་ཕལ་ཆེ་བ་ལོ་རྒྱུས་ལས་གསལ་བ་ལྟར་ཟུར་འདོན་ཞུ་རྒྱུ་ཡིན།ཆུ་ སྒང་ལོ་རྒྱུས་དེབ་ཕྲེང་ལས།  ཇི་ལྟར་བྱས་ནས་གྲི་གུར་དང་བླངས་དམག་སྒར་དབུ་བརྙེས་པ། བློ་ཐག་རྦད་བཅད་ཀྱིས་དམག་གྲབས་བྱས་པ་ཞེས་འགོ་བརྗོད་དུ་འཁོད་པའི་ལེའུ་ལས། སྤྱི་ལོ་ ༡༩༤༩ ཙམ་ནས་ཀླ་ཀློ་རྒྱ་དམར་གྱིས་མདོ་ཁམས་ཤར་ཕྱོགས་ནས་འགོ་བརྩམས་ཏེ་དམག་འཐབ་ཀྱིས་ ཁོ་ཚོའི་ལག་འོག་ཏུ་ཚུད་ཟིན་པ་རྣམས་ལ་སྙིང་རྗེ་ཡ་ང་རྩ་བ་ནས་མེད་པར་མནར་གཅོད་ མུ་མཐའ་མེད་པར་བཏང་དང་གཏོང་བཞིན་པའི་ཐོག་བོད་རིགས་རྩ་མེད་བཟོ་རྒྱུར་ཉག་ཅིག་ དེ་ཁོ་ཚོའི་རྩ་བའི་སྲིད་བྱུས་ཡིན་པར་ཇེ་གསལ་དུ་འགྲོ་བཞིན་པར་བརྟེན། འུ་ཐུག་ཐབས་ཟད་ཀྱིས་རང་སྲུང་རྒོལ་ལན་མ་སློག་ཀ་མེད་གྱུར། སྐབས་དེར་མདོ་ཁམས་ཕྱོགས་ཀྱི་ས་གནས་གལ་ཆེ་མཐའ་དག་ཁོ་ཚོས་བཟུང་ཟིན་པ་མ་ཟད༌། བོད་དབུས་ཕྱོགས་སུའང་ཀླ་ཀློ་རྒྱ་དམར་འགོ་དམག་ཁྱོན་ཆེ་ཡོད་མུས་ལ་བརྟེན། འཆར་གཞི་ལྡན་པའི་སྒོ་ནས་དམག་གྲབས་རྒྱ་ཆེ་ཙམ་ཞིག་མ་བྱས་ཚེ་ཕན་ནུས་མི་ཐོན་པར་ སེམས་ཏེ་སྔོན་འཆར་ལྟར་དྲག་པོའི་སྒྲིག་འཛུགས་ཀྱི་རྟེན་གཞི་ཞིག་འཕྲལ་དུ་ བཙུགས་རྒྱུར་སེམས་ཐག་བཅད།
སྤྱི་ལོ་ ༡༩༥༨ བོད་ཟླ་ ༢ ཚེས་ ༡༨ ཉིན་ཆུ་སྒང་ཁོངས་ཀྱི་གནད་ཡོད་མི་སྣ་མང་ཙམ་ཞིག་ཨ་འབྲུག་ཚང་གི་མཆོད་ཁང་དུ་ གསང་སྟབས་སུ་འདུ་འཛོམས་བྱས། ཁང་པའི་ཕྱི་རོལ་དུ་བསྟན་དགྲ་རྒྱ་དམར་གྱི་སོ་ཉུལ་འགོག་ཐབས་སུ་ཨ་འབྲུག་གི་ གཡོག་པོ་ཐུང་མདའ་འཁྱེར་བ་མང་པོ་བཀྲམས། ཚོགས་འདུ་དེའི་ཐོག་བསྟན་དགྲ་རྒྱ་དམར་བོད་སར་ཐོག་མར་བཙན་འཛུལ་བྱས་ཚུལ་དང༌། བོད་གཞུང་ནས་བཀའ་འབྲེལ་ཞི་བའི་ཐབས་ལམ་ཁོ་ན་བསྟེན་པ་ལས་མཛད་ཐབས་མ་མཆིས་ཚུལ། ང་རང་ཚོ་འདི་མུར་གོ་མེད་ཚོར་མེད་དུ་བསྡད་པ་ཡིན་ན་ཉིན་ཅིག་བོད་ཀྱི་རྒྱལ་ བསྟན་ཆབ་སྲིད་དང་བཅས་པ་རྨེག་མེད་དུ་བཅོམ་སྟེ་ྋརྒྱལ་བ་དོན་གྱི་བདག་པོའི་སྐུ་ ཕྱྭ་ལའང་ཉེན་ཁའི་རང་བཞིན་དུ་མཐོང་བས་འུ་ཐུག་ཐབས་ཟད་ཀྱིས་ཆུ་སྒང་སྒྲིག་ འཛུགས་མི་འཛུགས་ཀ་མེད་བྱུང་ལུགས། དེ་སྔོན་གསེར་ཁྲི་གསར་བཞེངས་དང་བརྟན་བཞུགས་ཕུལ་ལུགས་སོགས་དེ་ཕན་གྱི་ལས་དོན་ བསྒྲུབས་ཚུལ་ཐོག་ད་ནས་བསྟན་སྲིད་བདེ་ཐབས་ཀྱི་ལས་དོན་ཁག་ཕྱི་འགྱངས་བྱེད་ཐབས་ མེད་སྟབས་བློ་ཐག་གཙང་བཅད་ཀྱིས་རྒྱ་དམར་ལ་གདོང་ལན་མཐར་ཕྱིན་བྱ་རྒྱུར། མནའ་གན་ཆེན་མོ་འཇོག་རྒྱུར་མོས་མཉམ་ཐག་གཅོད་བྱས། སྐབས་དེར་ཚོགས་མི་གཉིས་བློར་མ་ཆུད་པས་ཕྱིར་འཐེན། དེ་བྱིངས་ཚང་མས་བསྟན་སྲིད་ཀྱི་དོན་དུ་གཅེས་པའི་རང་སྲོག་དོར་བར་བག་ཚ་བ་སྤུ་ ཙམ་མེད་པར་གཅིག་མཇུག་གཉིས་མཐུད་ཀྱིས་དཔའ་ངར་ངར་ཐོག་ྋརྒྱལ་བའི་བཀའ་འགྱུར་ རིན་པོ་ཆེར་མགོ་བོས་བཏུད་དེ་མནའ་བསྐྱེལ། བརྗོད་བྱ་གོང་བཞིན་འཁོད་པའི་གན་རྒྱ་ལ་དེར་ཡོད་ཚང་མས་དམ་ཕྲུག་ཕབ་སྐབས་དེར་ ཡོད་མི་སྣ་གཤམ་གསལ།
༡། ཨ་འབྲུག་མགོན་པོ་བཀྲ་ཤིས། ༢། ཆ་ཕྲེང་བསན་དགེ་སློང༌། ༣།    ཆ་ཕྲེང་ཆོས་འཕེལ། ༤། ཆ་ཕྲེང་སྐལ་བཟང་ཆོས་འཛིན། ༦། ཨ་མདོ་ངག་དབང༌། ༧། ཨ་མདོ་ཚེ་ལོ། ༨།    ཨ་མདོ་ཁྲ་མོ། ༩། འཇོལ་པ་ཟམ་གདོང་ཕྱག་མཛོད་བློ་བཟང་ཕུན་ཚོགས། ༡༠།    ལི་ཐང་རྒྱལ་རྡོ་དོན་འགྲུབ། ༡༡། ལི་ཐང་དབྲ་ཕྲུག་ངག་དབང༌། ༡༢། ལི་ཐང་ཀུན་དགའ་བསམ་གཏན། ༡༣།    ཉག་རོང་ཡེ་ཤེས། ༡༤། ཉག་རོང་ཨ་བོང༌། ༡༥།    ཚ་བ་རོང་པ་ཨ་དཔག ༡༦། ཚ་བ་རོང་པ་དམ་པ་བློ་གྲོས། ༡༧། རྒྱལ་ཐང་མཁར་ཆེན་ཕྱག་མཛོད་ཐུབ་བསྟན་དགེ་ལེགས། ༡༨། རྒྱལ་ཐང་དཔེ་ཝན། ༡༩། དཀར་མཛེས་ལམ་བྲག་ཕྱག་མཛོད་པདྨ་ཡེ་ཤེས། ༢༠། དཀར་མཛེས་སྐྱབས་མགོན་ཕྱག་མཛོད། ༢༡། དར་དགོན་ཇ་མ་ངག་ཕྲུག ༢༢། དར་དགོན་པད་རྡོ་རྒྱའུ། ༢༣། རྟའུ་ནོར་བུ། ༢༤། རྟའུ་མཁས་གྲུབ། ༢༥། གོ་འཇོ་དོན་གྲུབ་ཕུན་ཚོགས ༢༦། ཏྲེ་ཧོར་བེ་རི་ཞི་ཚིར་དབང་དགའ། ༢༧། བྲག་འགོ་བློ་བཟང་བཀྲིས། ༢༨།    ཆབ་མདོ་རྡོར་ཚེ། ༢༩།    ཆབ་མདོ་ཕུན་ཚོགས་དབང་འདུས། ༣༠།    ཆབ་མདོ་ཚེ་དགའ། ༣༡། སྡེ་དགེ་བྱ་རྒོད་རྣམ་རྒྱལ་རྡོ་རྗེ། ༣༢། སྡེ་དགེ་ཕུར་པ་འཕྲིན་ལས། ༣༣། བྲག་གཡབ་ཨ་ཕྲུག་བླ་མ། ༣༤། རྒྱ་རོང་ཡར་འཕེལ། ༣༥། རྒ་པ་གྲའུ་དཔོན་རིན་ཆེན་ཚེ་རིང༌། ༣༦། སྒ་པ་དབང་ཆེན་ལྷ་མགོན། ༣༧།    སྨར་ཁམས་བློ་བཟང་རབ་རྒྱས། ༣༨། སྨར་ཁམས་བློ་ཚེ། ༣༩། མི་ཉག་ཡོན་ཏན་རྒྱ་མཚོ། ༤༠།    ས་འདུ་བསྟན་འཛིན་ཕུན་ཚོགས་བཅས་སོ།།  དེ་ཉིན་མ་འབྱོར་བ་རྣམས་ཀྱང་རིམ་པར་ས་རྟགས་རྒྱག་རྒྱུ་བྱས། སྐབས་དེར་གྲ་བཞི་བརྒྱ་དཔོན་སྐལ་བཟང་དགྲ་འདུལ་ལགས་དང༌། དབང་ལྡན་བཀྲ་ཤིས་ལགས་གཉིས་ཆེད་གཉེར་གྱིས་བྱོན་ཏེ་མདོ་ཁམས་ཆུ་བཞི་སྒང་དྲུག་ གི་དགོངས་བཞེད་ཇི་ཡོད་ལ་ང་ཚོས་ཀྱང་ལྷག་བསམ་བཟང་པོས་ནུས་ཤུགས་ཆིག་སྒྲིལ་ གྱིས་རམ་འདེགས་ཧུར་ཐག་ཞུ་ཆོག་ཅེས་གསུངས་པས་ཀྱང་ཚང་མ་དགའ་འགུ་ཡི་རངས་ཀྱིས་ སྙིང་སྟོབས་འཕེལ་བའི་སྣོན་མ་བྱུང༌། སྤྱི་མཁན་རྩིས་གསུམ་ལའང་སྙན་ཞུ་དང༌། ལི་ཐང་མཁས་བཙུན་ཨ་མཛེས། སྨར་ཁམས་ཕུ་པ་དཔོན་སོགས་ལའང་ནང་དོན་འཕྲིན་ཡིག་བཏང༌། སྔ་བར་ཕྱིས་གསུམ་དུ་སྐབས་རེ་གླིང་ཁ་གཏོང་མི་ཡིན་ཁུལ་གྱིས་གླིང་ཀ་ནང་མཉམ་ འཛོམས་ཐོག་ཚོགས་མི་རྣམས་མདུན་དུ་མཱ་ཅང་སོགས་རྩེད་ཆས་སྤུངས་ཏེ་ཕྱི་ཚུལ་དགའ་ དགའ་སྤྲོ་སྤྲོའི་ངང་བསྡད་ཁུལ་གྱིས་དོན་དུ་ཇི་འགབ་གྲོས་བསྡུར་བྱས། གཡོག་པོ་རྣམས་ལ་ཐུང་མདའ་རེ་བསྐུར་ཏེ་རྒྱང་ཙམ་ནས་སོ་ལྟ་བྱེད་དུ་བཅུག་ཡང་ སྐབས་རེ་སྔ་ལོ་གསེར་ཁྲི་གསར་བཞེངས་སྐབས་ཀྱི་རྩིས་མཇུག་བསྡུ་རྒྱུ་ཡོད་ཁུལ་ གྱིས་མདུན་དུ་རྩིས་གཞོང་དང༌། ཡིག་རིགས་བྱུར་བུར་སྤུངས་ཏེ་དོན་དུ་བསྟན་སྲིད་བདེ་ཐབས་གྲོས་བསྡུར་བ་སོགས་ ཐབས་ཤེས་ཡོད་རྒུ་སྤྱད་དེ་གྲོས་བསྡུར་རིམ་པར་བྱས། སོ་སོའི་འཁོས་དཔག་ལ་གཞིགས་པའི་མེ་མདའ་དང་མདེའུ་སྤུས་མ་གྲངས་ཇི་མང་ཉོས། དམག་ཆས་དང་དམག་རྟ་སྔར་ནས་གྲ་སྒྲིག་ཟིན་པ་ཕུད། རང་རང་སོ་སོས་གསར་སྒྲུབ་ཇི་ཐུབ་བགྱིས་ཏེ་གྲ་སྒྲིག་ཨང་གསར་སྤུས་ལེགས་བྱས་ནས་ ཐོན་ཆོག་བཟོས། ཤོག་ཁག་རྣམས་ཀྱི་མི་འཐུས་རྣམས་གསང་གྲོས་ཐོག་མཆོད་མཇལ་འགྲོ་ཁུལ་གྱིས་ཇོ་བོ་ ཐུགས་རྗེ་ཆེན་པོའི་མདུན་དུ་ཕྱིར་འགྲོ་དང་ནང་སྡོད་བྱ་རྒྱུ་གང་དགའ་ཞེས་ཟན་ རྟགས་ཕུལ་བས་ཕྱི་འགྲོ་བཟང་བ་ཕེབས་པ་དང༌། བོད་ཟླ་ ༤ ཚེས་ ༨ ཉིན་སྤང་ལུང་རི་ཁྲོད་ཀྱི་རྒྱལ་ཆེན་རྡོ་རྗེ་ཤུགས་ལྡན་གྱི་སྐུ་རྟེན་ཉིད་ཚ་བ་ རོང་པ་དམ་པ་བློ་གྲོས་ཀྱི་ཁང་པའི་ནང་གདན་ཞུས་ཀྱིས་ཨ་འབྲུག་མགོན་པོ་བཀྲ་ཤིས་ གཙོས་མི་འཐུས་ ༡༢ ཀྱིས་འགྲོ་སྡོད་ཇི་འགབ་དང་འགྲོ་ཡུལ་ས་ཆ་སོགས་གསལ་ཆ་ཡོང་བ་ཞེས་ཞུས་པས་བཀའ་ ལུང་ཕྱིར་ཕེབས་སུ། ད་ཆ་བོད་རིགས་སེར་སྐྱ་ཡོངས་རྫོགས་བློ་ལྷོད་བག་ཕེབས་སུ་སྡོད་པའི་དུས་སྐབས་ མིན་ཅིང༌། ཚང་མས་ནུས་ཤུགས་གཅིག་སྒྲིལ་གྱི་སྒོ་ནས་རང་ཡུལ་སྲུང་སྐྱོབ་དང༌། བསྟན་དོན་ཐོག་ཞབས་འདེགས་ཞུ་སླད་ལྷོ་ཁར་མཚོ་གྲི་གུ་འདྲ་བའི་འགྲམ་དུ་འཕྲལ་ སྐྱོད་དགོས་ལུགས་དང༌། ཨ་འབྲུག་མགོན་པོ་བཀྲིས་ཀྱང་འདི་ཟླའི་ཚེས་ ༢༥ བར་ཉེས་སྐྱོན་མི་ཡོང་བའི་ཁས་ལེན་ཡོད། དེ་ནས་ཅི་ཡོང་མི་ཤེས་སྟབས་འཕྲལ་དུ་ཕྱིར་ཐོན་དགོས་ཞེས་བཀའ་སྩལ་ཐོག དམ་རྫས་སྲུང་མདུད་བཅས་གནང་བར་བརྟེན་འགོ་འཐུས་ཚང་མར་ཧ་ལས་དགོས་པ་བྱུང༌། དེ་ནས་གྲའུ་དཔོན་རིན་ཆེན་ཚེ་རིང་ ༡༩༥༧ ལོ་ནས་མགོ་ལོག་ཁང་རྒན་དཔོན་འཆི་མེད་དང༌། རྐང་ཚ་ཀོ་ལོ་སོགས་དཔོན་ཁག་རྣམས་དང་གྲོས་བསྡུར་གྱིས་བསྟན་དགྲ་རྒྱ་དམར་ལ་ངོ་ རྒོལ་བྱ་རྒྱུའི་མནའ་ཚིགས་བཞག་ཏེ་བོད་གཞུང་ལ་གང་ཅིའི་ཐད་འབྲེལ་བ་ཞུ་ཆེད་ལྷ་ སར་ཆེད་འབྱོར་ཡོད་ནའང༌། བོད་གཞུང་ནས་ཕན་ཐོགས་ཡོད་པ་དེ་ཙམ་གནང་ཐབས་མ་བདེ་བར་བརྟེན་ཨ་འབྲུག་མགོན་པོ་ བཀྲིས་དང༌། གྲའུ་དཔོན་གཉིས་ཕན་ཚུན་ལོ་རྒྱུས་ཞིབ་ཕྲ་ནང་མོལ་སྐབས། ཨ་མདོ་དང༌། མགོ་ལོག་བཅས་ནས་མནའ་ཚིག་སྔོན་བཞག་ཟིན་དོན་ལྟར་གྲའུ་དཔོན་ཕྱིར་ལོག་ཀྱིས་བྱང་ རྒྱུད་འཁོད་ལམ་གཅད་རྒྱུ་དང༌། ལི་ཐང་བསོད་ནམས་ཚེ་རིང༌། ཕུ་གྲོང་བསྟན་འཛིན། ཚེ་དབང་དངོས་གྲུབ། ལྕགས་འགུ་ཚུལ་ཁྲིམས། བུ་གསར་སྟོབས་རྒྱལ། བུ་ཚེ་ལྷ། ངག་དབང་ཆོས་མཆོག ཡར་གླིང་བསྟན་དར། སྒ་པ་སངས་བཅས་ནས་ཁམས་ཁུལ་དུ་ཆུ་བཞི་སྒང་དྲུག་བསྟན་སྲུང་དྭང་བླངས་དམག་གི་ སྒྲིག་འཛུགས་ཡོད་ཚུལ་སྐོར་ངོ་སྤྲོད་ཆེད་བཀོད་གཏོང་བྱས། བྱ་རྒོད་རྣམ་རྒྱལ་རྡོ་རྗེས་སྡེ་དགེ་དང༌། སྤོ་ཀོང་གཉིས། ཁྱུང་པོ་དཀར་རུ་དཔོན་སོགས་ལ་བང་མི་ཆེད་གཏོང་གིས་སྔར་བཞིན་མི་མང་སེར་སྐྱ་ རྣམས་ཀྱིས་བསྟན་དགྲ་རྒྱ་དམར་ལ་ཕར་རྒོལ་ཤུགས་ཆེ་ཡོང་བར་ཆེད་བསྐུལ་བྱས། ལྷ་སྡོད་ཚོང་རིགས་རྣམས་གོ་ལག་དང་བཞོན་རྟ་གྲ་སྒྲིག་གིས་རིམ་བཞིན་ལྷོ་ཁ་ བརྒྱུད་ས་ཁུལ་ཞིག་ཏུ་དྲག་པོའི་རྟེན་གཞི་སྲ་བརྟན་བཙུགས་ཐོག་བསྟན་དགྲ་རྒྱ་ དམར་ལ་ངེས་མེད་རྒོལ་བརྡུང་ཟམ་མི་ཆད་པ་བྱེད་རྒྱུ་བཅས་ལ་སྔ་འཕྲོས་གྲོས་འཆམ་ བྱུང༌། གྲོས་ཆོད་ཀྱི་ྋསྙན་ཞུ་ཞིག་བྲིས་ཏེ་རྩེ་མཁན་མགྲོན་ཆེ་བ་ཕ་ལྷ་བརྒྱུད་ྋགོང་ས་ ཆེན་པོར་ཕུལ་ཞིང༌། མི་རྗེ་ཕ་ལྷ་མཆོག་ཀྱང་རྒྱལ་གཅེས་ལྷག་བསམ་གྱིས་ཕྱུག་པའི་དཔའ་བོ་ཞིག་ཡིན་ སྟབས་གནས་ལུགས་ཞིབ་གསོལ་དང་འབྲེལ་ནང་མའི་བཀའ་སློབ་ཞུས། དེ་ནས་སྐུའི་ཡོངས་འཛིན་རྣམ་གཉིས་ལའང་རེ་བ་ཇི་བཞིན་འགྲུབ་པའི་ཐུགས་སྨོན་ ྋསྐྱབས་འཇུག་ཞུས་ཤིང༌། ལྷག་པར་སྐུའི་ཡོངས་འཛིན་གཞོན་པ་མཆོག་ལ་ནང་མའི་བཀའ་སློབ་ཀྱང་ཞུས། དེ་མིན་གཞུང་ཞབས་རྒྱལ་གཅེས་ལྷག་བསམ་ཅན་མང་དུ་ཡོད་ཀྱང་གསང་བ་གྱར་དྭོགས་ཀྱིས་ ནང་མོལ་བཀའ་འབྲེལ་སུ་ལའང་མ་བྱས།
དེ་ལྟར་ཆུ་སྒང་ཤོག་ཁག་སོ་སོའི་འགོ་འཐུས་མང་ཆེ་བ་ཚོང་པ་ཞེ་ཅིག་ལ་བརྟེན་རྒྱ་ ནག་ས་ཁུལ་མང་ཆེ་བ་བསྐོར་ཟིན་པས། སྤྱིར་རྒྱ་ནག་གི་མི་འབོར་དང༌། སྐབས་དེའི་རྒྱ་དམག་ཁྲི་དྲུག་བརྒྱ་ཙམ་གྱི་དམག་འབོར་དང༌། དེང་དུས་དཔེ་གསར་ཅན་གྱི་མཚོན་ཆ་ཁག་གི་སྦྱོང་བརྡར་སོགས་གང་ས་ནས་རྒྱལ་ཁབ་མང་ པོས་འཛེམས་ཟོན་བྱེད་དགོས་པ་ཞིག་ལ། ང་ཚོ་མི་ཚེར་ཚོང་ལས་དང༌། ཞིང་འབྲོག་ཐོན་བསྐྱེད་ལས་དུས་འདབ་བ་དང༌། མེ་མདའི་སྐམ་ཁུག་ཏུ་མཛུབ་མོ་བརྒྱུས་ཤེས་པ་ཙམ་ལས་དམག་དོན་སྦྱོང་བརྡར་གང་ཡང་ བྱེད་མ་མྱོང་བ་ཞིག་གིས་ཁ་གཏད་གཅོག་རྒྱུ་དེ་བཞིན་ངལ་བའི་རྒྱུ་ལས་མ་འདས་ཤིང༌། ལྷག་པར་ལྷ་ཆོས་དགེ་བ་བཅུར་གང་ཐུབ་ཀྱིས་ལག་བསྟར་བྱེད་རྒྱུ་ལས་མི་གསོད་ཁྲག་ སྦྱོར་གྱི་བྱ་བ་གཏན་ནས་བྱེད་འདོད་མེད་ཀྱང༌། བསྟན་དགྲ་རྒྱ་དམར་གྱིས་སྔ་ཕྱི་བར་གསུམ་དུ་བོད་པར་ཐུབ་ཚོད་རབ་དང་རིམ་པར་ གཏོང་བཞིན་པའི་མི་སྤྱོད་ལས་འདས་པའི་དྲག་ཤུགས་གཉའ་གནོན་འོག་མི་ཚེ་བསྐྱེལ་ནས་ སྡོད་ཐབས་བྲལ་བས་འུ་ཐུག་ཐབས་ཟད་ཀྱིས་ཁ་གཏད་ཆོག་མིན་ལ་མ་ལྟོས་པར་རྒོལ་འཛིང་ དང་དམག་འཐབ་ཀྱི་བྱ་བ་མ་བརྩམས་ཐབས་མེད་དུ་གྱུར། དམག་མཁོའི་ཡོ་བྱད་ཐད་ཚོང་རིགས་ཁག་ལ་གཅེས་ནོར་དུ་བརྩི་བའི་གོ་ལག་མི་ཉུང་ཙམ་ ཡོད་པའི་ཐོག སྔར་མདོ་ཁམས་ཁུལ་དུ་བསྟན་དགྲ་རྒྱ་དམར་དང་རྒོལ་འཛིང་སྐབས་དགྲ་ལག་ནས་ཐོབ་པའི་ བྷི་རན་ཀན་དང༌། ཀྲིང་ཀན། ཅུས་ཀང་སོགས་འཕྲུལ་མདའ་མང་དུ་ཡོད་ཀྱང་ཁ་གཏད་དགྲ་བོའི་གོ་ལག་དང་བསྡུར་ན་གནམ་ ས་འཛོལ་བའི་མང་ཉུང་དབང་གིས་ཚོང་པ་ཚོས་ཚོང་ཟོག་དང་མ་རྩ་ཕལ་ཆེ་བ་འཕྲུལ་མདའ་ དང་བཞོན་རྟར་བསྒྱུར། སྐབས་དེར་ལྷ་ས་ཁུལ་དུ་འཕྲུལ་མདའ་རེར་ཌམ་རྡོ་གསུམ་བརྒྱ་ནས་ཆིག་སྟོང་བར་དང༌། མདེའུ་རེར་དངུལ་སྲང་ ༧༥ ཡན། ཞོན་རྟ་རེར་ཌམ་རྡོ་ཉིས་བརྒྱ་ནས་བརྒྱད་བརྒྱའི་བར་གྱི་རིན་གོང་འཕར། ཚོང་རིགས་ཚོས་བཞོན་རྟ་འཕྲུལ་མདའ་ཉོ་སྒྲུབ་ཀྱི་ཚེ་ལེགས་ཉེས་བརྟགས་ཕྱིར་ཉེ་ མཚམས་སུ་རྟ་རྒྱུགས་པ་དང༌། འཕྲུལ་མདའ་ཚ་ཁ་འགྲན་པ་སོགས་འཛེམ་བག་མེད་པར་བྱས་པས་བསྟན་དགྲ་རྒྱ་དམར་གྱི་ དཔོན་རིགས་ཚོ་དོགས་འདྲོག་གིས་བོད་གཞུང་བཀའ་ཤག་དང༌། གདན་ས་གསུམ་གྱི་འཐུས་མི། བོད་གཞུང་དམག་སྒར་ཁག་གི་དབུ་འདོམས་རྣམ་པ་བཅས་ཚོགས་འདུར་བོས་ཏེ་རྒྱ་དམར་ དཔོན་རིགས་ཤིག་གིས། དེང་སྐབས་ཁམས་པ་དང་ཨ་མདོ་བཅས་ནས་མཆོད་འབུལ་དང་བསང་གསོལ་བཅས་ལ་ཁ་གཡར་ཏེ་འདུ་ འཛོམ་ཡང་ཡང་བྱེད་པ་མ་ཟད། འཕྲུལ་མདའ་དང་བཞོན་རྟ་ཁྱོན་ཆེ་ཉོ་སྒྲུབ་བྱེད་ཀྱི་འདུག་པས། དེ་རིང་ནས་བཟུང་རྟ་དང་མེ་མདའ་ཉོ་སྒྲུབ་དང་དོན་མེད་འདུ་འཛོམ་སོགས་མཚམས་འཇོག་ དགོས་པ་ཚང་མས་གོ་ངེས་ཀྱི་ཁྱབ་བསྒྲགས་བྱེད་དགོས་པའི་བཙན་བཀའ་བཏང་འདུག བཀའ་ཤག་ནས་ཀྱང་ལྷ་ཞོལ་གཉིས་སུ་ཁམས་རིགས་སྡོད་སའི་ཁང་བདག་དང་ཁང་གཉེར་རྣམས་ བསྐོངས་བའི་ཐོག ད་ཕན་ཀྲུང་དབྱང་ནས་བོད་ཡར་རྒྱས་གཏོང་བའི་དོན་དུ་རོགས་རམ་གནང་དང་གནང་བཞིན་ པར་བརྟེན་དོན་མེད་དོགས་འདྲོག་བྱེད་དགོས་དོན་གཏན་ནས་མེད་པས། ཚང་མ་ལྷིངས་འཇགས་ཡོང་བ་ཁུངས་སོ་སོ་ནས་དྲིལ་བསྒྲགས་དང་སློབ་གསོ་བྱེད་དགོས༌། གལ་ཏེ་ཀྲུང་དབྱང་གི་དགོངས་པར་མི་བབ་པའི་ཚུལ་མིན་བྱ་བ་སུ་ཐད་ནས་བྱུང་ཚེ་ སྐབས་འཕྲལ་སྙན་སེང་དགོས་རྒྱུ་ཞེས་པའི་བཀའ་ཁྱབ་ཅིག་ཀྱང་མ་གནང་ཐབས་མེད་བྱུང་ འདུག དེ་དག་གི་ཚེ་བསྟན་དགྲ་རྒྱ་དམར་དཔུང་དམག་ཚོས་སྔར་བས་དྲག་རྩུབ་ཀྱི་རྣམ་པའི་ ཐོག་ནས་མེ་སྒྱོགས་སོགས་དེང་དུས་ཅན་གྱི་འཕྲུལ་མདའ་དཔེ་གསར་ཅན་མང་པོ་ཚ་ཁ་ལྟ་ ཁུལ་གྱིས་སྡིགས་ར་བསྐུལ་བ་དང༌། སོ་ཉུལ་བར་མཚམས་མེད་པར་བཏང་བ་སོགས་ཧ་ཅང་ཛ་དྲག་གི་ཉེན་ཁའི་གནས་སུ་གྱར་བས། གལ་ཏེ་ལྷ་ཁུལ་དུ་ཟིང་ཆ་བྱུང་ཚེ་ྋགོང་ས་ཆེན་པོའི་སྐུ་ཕྱ་དང་གཙུག་ལག་ཁང་ཡས་ མས་གཏོར་བརླག་འགྲོ་རྒྱུ་བཅས་ལ་བློས་འགན་བཟོད་ཐབས་བྲལ་བས་གནས་སྐབས་བླ་ལྷའི་ ལུང་བཞིན་འཕྲལ་དུ་རེ་ཞིག་ལྷོ་ཁ་བརྒྱུད་ས་ཁད་ཡངས་ས་ཞིག་ཏུ། ཕོ་རྒོད་ཞན་དང་མདའ་སུ་སྐྱེན་ལྟ་ཆོག་རྒྱུར་སེམས་ཏེ་དེ་འཕྲལ་ཚོང་ཟོག་ལྷག་ བསྡད་རྣམས་དམག་སའི་ཆེད་ཀོ་གྲུའི་ཐོག་ལྷོ་ཁར་བཏང་ཞིང༌། སྐྱབས་རྗེ་ཡོངས་འཛིན་རྣམ་གཉིས་དང༌། དེ་མོ་རིན་པོ་ཆེ། ཏྲེ་ཧོར་བཀའ་འགྱུར་རིན་པོ་ཆེ། རྭ་སྟོད་ཆུ་དབར་རིན་པོ་ཆེ་སོགས་ནུས་ལྡན་བླ་མ་རྣམས་ཀྱི་སྤྱན་སྔར་ཡང་ཡང་བཅར་ ཏེ་མཚོན་སྲུང་ལ་རབ་གནས་དང༌། བྱིན་རླབས་ཞུས་མཐར་བསྟན་དགྲ་རྒྱ་དམར་བོད་ས་ནས་མཐར་སྐྲོད་ཐུབ་པའི་ཐུགས་སྨོན་ སྐྱབས་འཇུག་རྒྱ་ཆེར་ཞུས་སོ།
ལྷོ་ཁར་གཅིག་རྗེས་གཉིས་མཐུད་ཀྱིས་རྡོག་ཐོན་བྱས་པ།
ད་ ལྟར་ཆུ་བཞི་སྒང་དྲུག་གི་སྒྲིག་འཛུགས་ལྷོ་ཁུལ་དུ་འཛུགས་གཏན་འཁེལ་ཞིང༌། བོད་བསྟན་སྲིད་ཀྱི་ཆེད་རང་གི་སྲོག་ལུས་ལོངས་སྤྱོད་དང་བཅས་པ་བློས་བཏང་གིས་ དྲག་པོའི་འཐབ་རྒོལ་བྱ་རྒྱུའི་གནས་ཚུལ་ཕྱོགས་འགྲུལ་གྱི་ངག་ནས་ཐོས་པ་དང༌། དེའི་སྐོར་ཁམས་ཁུལ་དུ་མི་སྣ་ཆེད་གཏོང་བྱས་པ་རྣམས་ལས་གསལ་ཤེས་འཕྲལ། འབྲི་ཆུ་ཤར་རྒྱུད་ཁུལ་གྱི་ཡུལ་བུད་འཕན་པོའི་ཁུལ་དུ་ཡོད་པ་སྡེ་དགེ་འབའ་ཆུང་ དཔོན་མཐུ་སྟོབས་ཚེ་རིང་དང༌། སྡེ་དགེ་སྤམ་ཁ་མགོན་པོ། དཔལ་ཡུལ་བུ་ཡེ་ཤེས་རྣམ་རྒྱལ༌། ཀ་ཐོག་ཕུར་པ་འཕྲིན་ལས། སྡེ་དགེ་གཤོང་གཉེར་ཚེ་རིང་དངོས་གྲུབ། སྡེ་དགེ་ལྕགས་ར་དགོན་གྱི་བླ་མ་ཧོར་ཆུང་རྒྱལ་སྲས་རིན་པོ་ཆེ། ཧོར་ཆུང་ཨ་འཇམ་སོགས་ཤོག་ཁག་སོ་སོར་ནང་མི་ངོ་འཁོར་དང་བཅས་པ་གཅིག་རྗེས་གཉིས་ མཐུད་ཀྱིས་ཀོང་པོ་དང༌། མལ་དྲོ། ཡར་འབྲོག་སོགས་བརྒྱུད་ནས་རིམ་གྱིས་ལྷོ་ཁའི་ཕྱོགས་སུ་བསྐྱོད་དེ་ཆུ་སྒང་དམག་ གི་སྒྲིག་འཛུགས་ག་དུས་ཚུགས་ཐུབ་ཡོང་སྙམ་ནས་བསྡད། དེ་ནས་ཇག་ཕར་འགྲོ་སྟོང་གི་སྔོན་མ། ཚུར་ཡོང་སྟོང་གི་རྗེས་མ་དེ་འཇིག་རྟེན་ཕོ་རབ་ཀྱི་སྤྱོད་ཚུལ་དུ་བོད་གནའ་རབས་ པ་རྣམས་ཀྱིས་བཞེད་པ་ལྟར། དང་ཐོག་བསྟན་སྲིད་བདེ་ཐབས་སྙིང་ལ་བཅངས་ཏེ་བསྟན་དགྲར་མི་ཞུམ་པའི་སྙིང་སྟོབས་ ཅན་དཔའ་བོ་ཨ་འབྲུག་མགོན་པོ་བཀྲ་ཤིས་གཙོས་དྭང་བླངས་དམག་དཔུང་ཁག་གཅིག་རྒྱལ་ས་ ལྷ་ས་ནས་ལྷོ་རྒྱུད་དུ་རྡོག་ཐོག་མཛད་པ་སྟེ། ཕྱི་ལོ་ ༡༩༥༨ ལོ་བོད་ཟླ་ ༤ ཚེས་ ༡༤ ཉིན་ཨ་འབྲུག་ཚང་གི་གམ་གཡོག་མི་རྟ་གོ་ཧྲག་ཁག་ཅིག་དང༌། བཞོན་རྟ། རྫས་མདེལ། ཟ་ཆས་སོགས་འགེལ་བའི་ཁལ་དྲེལ་དང་བཅས་ལྷ་སའི་གཙང་པོའི་ཕ་རོལ་གྲིབ་ཁུལ་དུ་ བརྫངས། ཚེས་ ༡༦ སྔ་དྲོ་ནམ་གསལ་ཙམ་གསལ་ལ་ཨ་འབྲུག་མགོན་པོ་བཀྲ་ཤིས་མཆོག་ཉེ་མཚམས་ཁུལ་དུ་གནས་ མཇལ་བསྐྱོད་ཁུལ་གྱི་ཟོལ་དུ་སྐུ་སྲུང་ཨ་ཕྲུག་ཁག་གཅིག་དང་བཅས་སྦག་སྦག་འཁོར་ ལོ་ཁ་ཤས་བཞོན་ནས་གྲིབ་བར་བསྐྱོད་དེ་རྒོད་དཀར་ལ་བརྒལ། རྡོ་བྲག་ནས་གྲུ་ཐོན་ཏེ་རིམ་གྱིས་ལྷོ་ཁ་ལྕེ་བདེ་ཞོལ་དུ་འབྱོར། དེར་རྒྱལ་ཐང་པ་མི་རྟ་གོ་ཧྲག་ཁག་ཅིག་འདུག་པ་རྣམས་དང་ལྷན་ཅིག་ཏུ་ཡར་འབྲོག་ བརྒྱུད་རིམ་གྱི་ལྷོ་བྲག་ཏུ་བསྐྱོད། དམག་རྒྱུགས་སྤྲོད་རྒྱུར་དམིགས་ཏེ། ལྷོ་བྲག་ཁུལ་གྱི་གཞིས་ཀ་ཁག་ནས་འབྲུ་ཁལ་ཉིས་སྟོང་སྐོར་ཉོས། ཁུལ་དེའི་མི་སེར་ཁག་ཅིག་མི་གླ་བཀུག་ནས་བརྔོ་འཐག་བཅུག་སྟེ་ཉིན་བཅོ་ལྔ་ཙམ་ བསྡད་རྗེས་གྲི་གུར་ཕེབས། སྐབས་དེར་གོང་དུ་གསལ་བ་ལྟར་ཨ་འབྲུག་མགོན་པོ་བཀྲ་ཤིས་མཆོག་གིས། ལི་ཐང་ཨ་ཐར་ཅན་མི་ཁག་གཅིག་སྐུའི་གཅེན་པོ་ལྷ་སྲས་རྒྱ་ལོ་དོན་འགྲུབ་བརྒྱུད་ ནས་ཨ་རི་གསང་བའི་ལས་ཁུངས་དང༌། ཕན་ཚུན་འབྲེལ་མཐུད་ཀྱི་ཆེད་བཏང་བ་རྣམས་ཀྱི་ནང་ནས་རྒྱུགས་འབྲས་ལེགས་ཐོན་ཨ་ ཐར་ནོར་བུ་དང༌། ལི་ཐང་ག་གཟི་བླ་ཚེ་གཉིས་ལ་བོད་གཞུང་གིས་རྒྱ་དམར་ལ་འཛིན་པའི་སྲིད་ཇུས་ཇི་ ཡོད་དང་ཕྱི་རྒྱལ་ཁག་ནས་ཞི་དྲག་དང་དཔལ་འབྱོར་གང་ཅིའི་རོགས་རམ་ཇི་དགོས་འབྲེལ་ མཐུད་བྱ་རྒྱུ་དང༌། རྒྱ་དམག་གིས་བོད་གཞུང་ལ་འཛིན་པའི་ལྟ་བ་དང་དམག་ཇུས་གནས་ཚུལ་སོགས་ཨ་རིའི་གསང་ བའི་ལས་ཁུངས་ལ་འབུལ་རྒྱུའི་ལས་འགན་སྤྲད་ནས། སྤྱི་ལོ་ ༡༩༥༧ བོད་ཟླ་ ༡༠ ཚེས་ ༢༠ ཉིན་ལྷོ་ཁ་བསམ་ཡས་ཁུལ་དུ་གནམ་ཐོག་ནས་མཆོང་འབབ་ཀྱིས་རིམ་བཞིན་ལྷ་སར་འབྱོར། དེ་ནས་ྋགོང་ས་མཆོག་གི་སྐུ་དབང་དང༌། སྐུ་ཕྱའི་ཉེན་ཁ། བོད་ཀྱི་སྲིད་དབང་ཐོག་རྒྱ་དམར་གྱིས་ཐེ་ཇུས་གང་བྱ་སྐོར། བོད་མི་དམངས་བྱིངས་དང་དགོན་སྡེ་ཁག་བཅས་ལ་རྡབ་སིག་ཇི་བྱས། དེ་ལ་བོད་གཞུང་གིས་དགོངས་འཆར་ཇི་ཡོད། རྒྱ་དམར་ལ་དྲག་པོའི་ངོ་རྒོལ་དང༌། ཡང་ན་ཞི་བའི་མཐུན་གྲོས། དེ་མིན་གསང་བའི་སྒོ་ནས་ལས་ཀའི་འཆར་གཞི་ཇི་ཡོད་སོགས། ཕ་ལྷ་མགྲོན་གཉེར་བརྒྱུད་ནས་བོད་གཞུང་ལ་སྙན་ཞུ་རིམ་ཕུལ་གྱིས་བཀའ་ཁྱབ་བསྒུགས་ ནས་འབྲས་སྤུངས་དགེ་འཕེལ་རི་དང་འཕན་པོ་བཅས་སུ་སྔ་ཕྱི་ཟླ་བ་གཉིས་ལྷག་བསྡད་ ཀྱང༌། རང་གཞུང་ནས་ཞི་དྲག་གི་འཆར་གཞི་འདི་ཡོད་ཀྱི་གཏམ་ལན་སྦྲང་མའི་སྐད་ཙམ་ཡང་མེད་ སྟབས། གཞི་ནས་རེ་སྙེགས་ཀྱི་རྨི་ལམ་མཐུག་པོ་ཞིག་སད་འགོ་ཚུགས་ཏེ། ཨ་རི་ལ་ཁོང་གཉིས་ལྷ་སར་འབྱོར་ཚུལ་དང་བོད་གཞུང་ལ་ཞི་དྲག་གི་འཆར་གཞི་གང་ཡང་ མེད་ཚུལ། ཆུ་སྒང་དྭང་བླངས་དམག་དཔུང་གིས་ཁ་གཏད་ཆོག་མིན་ལ་མ་ལྟོས་པར་རྒྱ་དམག་ལ་མཐའ་ གཅིག་ཏུ་རྒོལ་འཛིང་བྱེད་རྒྱུའི་གྲོས་མཐུན་བྱུང་ཐོག་ལྷ་ས་ནས་རྡོག་ཐོན་གྱིས་ གྲི་གུ་ཐང་དུ་དམག་སྒར་རྒྱག་གཏན་འཁེལ་བས་གོ་ལག་རྫས་མདེའུ་གང་ཅིའི་རོགས་རམ་ གནང་དགོས་ཀྱི་རེ་བ་ཆེ་ལུགས་བཅས་གློག་འཕྲིན་ཐོག་ནས་ཞུས་ཤིང༌། ཁོང་གཉིས་ཀྱང་ཨ་འབྲུག་སྦྱིན་བདག་དང་མཉམ་དུ་ལྷོ་ཁ་གྲི་གུའི་ཕྱོགས་སུ་བསྐྱོད། དམག་སྤྱི་མགོན་པོ་བཀྲ་ཤིས་མཆོག་རྒྱལ་ས་ནས་ཐོན་ནས་བཟུང་སྔོན་དུ་ཁ་དན་ཟིན་པ་ ལྟར༌། བོད་ཟླ་ ༥ ཚེས་ ༡ ཉིན་སྡེ་དགེ་བྱ་རྒོད་རྣམ་རྒྱལ་རྡོ་རྗེ་དང༌། སྲས་དོན་ཡོད། སྡེ་དགེ་འཇུ་ཆེན་བསོད་ནམས་ཕུན་ཚོགས་སོགས་སྡེ་དགེ་ཤོག་ཁའི་མི་རྟ་གོ་ཧྲག་ཁག་ གཅིག་དང༌། ཨ་དཔག བྱམས་པ་རིན་ཆེན་སོགས་ཚ་བར་རོང་པའི་མི་རྟ་གོ་ཧྲག་ཁག་ཅིག བྲག་གཡབ་བཀྲ་རྣམ་དང༌། ཨ་ཕྲུག་བླ་མ་སོགས་བྲག་གཡབ་ཤོག་ཁའི་མི་རྟ་གོ་ཧྲག་ཁག་ཅིག སྦྱིན་པ་རྒྱ་མཚོ་དང༌། ཁྲ་མོ་སོགས་ཨ་མདོ་ཤོག་ཁའི་མི་རྟ་གོ་ཧྲག་ཁག་ཅིག་བཅས་སྟོད་ལུང་བརྒྱུད། ལྕགས་ཟམ་གྲུ་ཐོན་ཏེ་ཡར་འབྲོག་ཕྱོགས་ནས་གྲི་གུར་འབྱོར། བོད་ཟླ་ ༥ ཚེས་ ༣ ཉིན་ཨ་འབྲུག་བློ་བཟང་དང༌། དབྲ་ཕྲུག་ངག་དབང་སོགས་ལི་ཐང་ཤོག་ཁའི་མི་རྟ་གོ་ཧྲག་ཁག་ཅིག ཆབ་མདོ་བློ་བཟང་ཉི་མ་དང༌། དྲུང་ཡིག་དཀོན་མཆོག་རྡོ་རྗེ་སོགས་ཆབ་མདོ་ཤོག་ཁའི་མི་རྟ་གོ་ཧྲག་ཁག་ཅིག ཆ་ཕྲེང་སྐལ་བཟང་ཆོས་འཛིན་གཙོས་ཆ་ཕྲེང་ཤོག་ཁའི་མི་རྟ་གོ་ཧྲག་ཁག་ཅིག སྨར་ཁམས་རབ་རྒྱས་སོགས་སྨར་ཁམས་ཤོག་ཁའི་མི་རྟ་གོ་ཧྲག་ཁག་ཅིག་བཅས་ཡེར་པ་ནས་ ཟི་ཕག་བརྒྱུད་དེ་འོན་ཕུར་སླེབས། དེ་ནས་རིམ་གྱིས་བསྐྱོད་པས་ཀླ་གོང་གྲུ་ཁར་ཐོན། དེར་ལམ་འོག་གཅིག་ཏུ་རྒྱུ་དམག་ཐུང་མདའ་འཁྱེར་བ་ཞིག་འདུག་པ་འཇུ་བཟུང་བྱས་ཏེ་ ལུས་བཤེར་དང་འབྲེལ་འདྲི་རྩད་བྱས་པས། གུང་དམག་ཁྲོད་ནས་བྲོས་བྱོལ་ཡོང་ཚུལ་སོགས་སྙན་སྙན་མང་དུ་ཤོད་ཀྱི་འདུག་ཁར། དབྲ་ཕྲུག་ངག་དབང་ནས་ཉེ་འཆར་རང་རེར་འགོ་བཏགས་ཞུས་པའི་རྒྱ་དམར་གྱི་དམག་དཔོན་ ཞིག་གྲི་གུར་ཕྱིན་ཡོད་པས་འདི་ཡང་གྲི་གུར་འཁྲིད་ན་འགབ་ཚུལ་ལབ་པར། དེར་ཆ་བཞག་སྟེ་རྒྱ་དམར་དེར་བོད་མིང་བསྟན་པ་དར་རྒྱས་ཞེས་བཏགས། དེ་མཉམ་རྒྱ་མི་བཞི་ཡོད་པའང་གྲི་གུར་ཁྲིད་དེ་ཨ་འབྲུག་གི་དམག་ཤོག་ཏུ་བཞག བོད་ཟླ་ ༥ ཚེས་ ༥ ཉིན་གཡང་འཕེལ་ཚུལ་ཁྲིམས་གཙོས་ཆ་ཕྲེང་ཤོག་ཀའི་མི་རྟ་གོ་ཧྲག་ཁག་གཅིག འཇང་ལོ་ཕྱག་མཛོད་གཙོས་ཀོང་རག་ཤོག་གི་མི་རྟ་གོ་ཧྲག་ཁག་ཅིག སེམས་ཉིད་རྡོ་རྗེ་གཙོས་བྲག་འགོ་བ་ཁག་གཅིག མི་ཉག་ཡོན་ཏན་དང༌། བློ་བཟང་དོན་གྲུབ་སོགས་མི་ཉག་མི་རྟ་གོ་ཧྲག་ཁག་ཅིག དར་དགོན་པད་རྡོར་སོགས་དར་དགོན་མི་རྟ་གོ་ཧྲག་ཁག་ཅིག གྲོ་མོ་ནས་གྲག་གཡབ་བསྟན་པ་སོགས་ཁག་ཅིག་ཕག་རི་ནས་སྨར་ཁམས་བྱང་ཆུབ་རྡོ་རྗེ་ སོགས་ཁག་ཅིག གྲི་གུར་ཉིན་གཅིག་ལ་མཉམ་དུ་འབྱོར། དེ་བཞིན་ཆ་ཕྲེང་ཟླ་བ་གཙོས་མི་རྟ་གོ་ཧྲག་ཁག་ཅིག་དང༌། རྒྱལ་རོང་ལྷ་རྒྱལ་གཙོས་མི་རྟ་གོ་ཧྲག་ཁག་ཅིག འབའ་པ་རྣམ་རྒྱལ་གཙོས་མི་རྟ་གོ་ཧྲག་ཁག་ཅིག དར་དགོན་གསེ་གསེ་གཙོས་མི་རྟ་གོ་ཧྲག་ཁག་ཅིག ཇ་མ་ངག་ཕྲུག་གཙོས་མི་རྟ་གོ་ཧྲག་ཁག་ཅིག དཀར་མཛེས་པདྨ་ཡེ་ཤེས་གཙོས་མི་རྟ་གོ་ཧྲག་ཁག་ཅིག ཀོང་རག་ཀླུ་སྒྲུབ་ཕྱག་མཛོད་གཙོས་མི་རྟ་གོ་ཧྲག་ཁག་ཅིག སྒ་པ་དབང་ཆེན་མགོན་པོ་ཅན་མི་རྟ་གོ་ཧྲག་ཁག་ཅིག འཇོལ་པ་ཟམ་གདོང་ཕྱག་མཛོད་ཅན་མི་རྟ་གོ་ཧྲག་ཁག་གཅིག སྒ་པ་དགེ་ལེགས་ཕུན་ཚོགས་དང༌། བསོད་ནམས་དགེ་ལེགས་བཅས་མི་རྟ་གོ་ཧྲག་ཁག་ཅིག ཆབ་མདོ་རྡོ་ཚེ་གཙོས་མི་རྟ་གོ་ཧྲག་ཁག་ཅིག གོ་འཇོ་ཨ་རྒོད་དང༌། ཆོས་དྲུག་དོན་འགྲུབ་ཕུན་ཚོགས། རྡོ་རྩ་རྒྱའུ་གཙོས་མི་རྟ་གོ་ཧྲག་ཁག་ཅིག་བཅས་སྔ་རྟིང་བྱས་ནས་གཤིན་རྗེ་དྲག་ ཏུ་ཁྲོལ་པའི་རྔམ་ཟིལ་དང་བཅས་གཅིག་མཇུག་གཉིས་མཐུད་ཀྱིས་རིམ་བཞིན་འབྱོར།
དམག་གི་རུ་ཤོག་དང་དམག་དཔོན།  སྒྲིག་གཞི་སོགས་གཏན་འབེབས་བྱས་པ།
གྲི་ གུ་ཐང་དུ་ཆུ་བཞི་སྒང་དྲུག་ཁོངས་སོ་སོའི་མི་རྟ་གོ་ཧྲག་ཁྱོན་ཆེ་ཞིག་འཛོམས་ ཟིན་པ་རྣམས་གྲི་གུ་མཚོའི་ཉེ་འགྲམ་གྱི་དྲི་བསུང་ལྡང་བའི་མེ་ཏོག་བཀྲ་ཞིང་སྤང་ གཞོན་ཡངས་པའི་ཐོག་ཏུ་ཚོ་དང་ཚོ་བྱས་ནས་སྡོད་གུར་དང༌། ཐབ་གུར་འཕུབ་སྟེ་དམག་གི་སྒར་ས་བཏབ། དེ་ནས་ཨ་འབྲུག་མགོན་པོ་བཀྲ་ཤིས་གཙོས་ཤོག་ཁག་སོ་སོའི་འགོ་འདོམས་བསམ་ཤེས་ཅན་ རྣམས་ལྷན་འཛོམས་ཀྱིས་དང་ཐོག་དྲག་པོའི་དམག་གི་དར་ཆའི་སྐོར་གྲོས་བསྡུར་བྱས་ པར། ལ་ལས་བོད་གཞུང་གི་དར་ཆ་དེ་གས་ཆོག་རྒྱུ་ལས་དར་ཆ་ཟུར་དུ་མི་དགོས་ཟེར། ལ་ལས་ཕྱི་ཚུལ་བོད་གཞུང་དང་འབྲེལ་བ་མེད་པའི་དྲག་པོའི་དམག་གི་སྒྲིག་འཛུགས་ ཤིག་ཡིན་པའི་རྣམ་འགྱུར་མཚོན་ཕྱིར་དར་ཆ་གསར་བཟོ་བྱས་ན་འགབ་ངེས་ཟེར། ཕལ་ཆེ་བས་དེང་སྐབས་རང་རེའི་གཞུང་གིས་རྒྱ་མིར་ཞི་བའི་ཐོག་ནས་མཐུན་ལམ་མཛད་དང་ མཛད་བཞིན་པར་བརྟེན་ང་རང་ཚོས་བོད་གཞུང་གི་དར་ཆ་བེད་སྤྱོད་བྱེད་ཚེ༌། རྒྱ་མིས་རང་རེའི་གཞུང་ལ་སྙད་འདོགས་ཀྱི་ལག་ཆར་འགྱུར་ངེས་སྟབས་དར་ཆ་ཞིག་གསར་ གཏོད་མཛད་རྒྱུ་རང་འགབ་ངེས་ཞེས་ལབ་སྟེ་མཐར་དར་ཆ་གསར་བཟོ་བྱེད་རྒྱུར་གྲོས་ མཐུན་བྱུང༌། དར་ཆའི་ཚོས་མདོག་དང་རི་མོ་ཇི་འགབ་གྲོས་རིམ་པ་བསྡུར་བའི་མཐར། རྒྱ་དམར་གྱི་རྒྱལ་དར་ལ་ཐོ་བ་དང་ཟོར་ར་གཉིས་ལྡན་བཟོས་པ་དེའི་ཁ་གནོན་ཏུ་གྲི་ གཉིས་བཟོས་ན་ལེགས་ཚུལ་མཐུན་པ་ལྟར། བོད་ཀྱི་བསྟན་སྲིད་ལ་ལྷག་བསམ་ལྷད་མེད་གསེར་བཙོ་མ་དང་འདྲ་བ་མཚོན་ཆེད་དར་ཆའི་ ཚོས་གཞི་སེར་པོ། བློ་སྟོབས་ཀྱི་རྩལ་རབ་ཏུ་འབར་བ་དེ་ཉིད་མཚོན་ཆེད་རལ་གྲི་དང༌། བོད་གནའ་རབས་ཀྱི་དཔའ་བོ་ཚོས་དཔའ་དམ་ནམ་མཁར་འཕྱར་ནས་དགྲ་བོ་དཔའ་བཀོང་བའི་ སྲོལ་དེ་ཉིད་མདོ་ཁམས་ཕྱོགས་སུ་མ་ཉམས་པར་ཡོད་པས་དེ་མཚོན་ཆེད་དཔའ་དམ། གཡུལ་ལས་རྣམ་པར་རྒྱལ་བར་མཚོན་ཆེད་དེ་གཉིས་པོ་ཕན་ཚུན་བསྣོལ་རེས་ཀྱི་རི་མོ་ འགོད་རྒྱུར་གྲོས་མཐུན་བྱུང་སྟེ་དེ་འཕྲལ་དར་ཆ་གསར་བཙེམས་བྱས། དེ་ནས་ཆུ་སྒང་བསྟན་སྲུང་དྭང་བླངས་དམག་གི་སྒྲིག་གཞིའི་སྐོར་གྲོས་བསྡུར་བྱས་ འབྲས། དང་པོ་སྤྱི་ཁྱབ་བཀོད་འདོམས་ཁང་གཅིག་དང༌། དེའི་འོག་ཏུ་སྡེ་ཚན་ཆེ་བ་གཉིས་ཕྱེས་ཡོད་པ་ནི་གཙོ་འཛིན་ལས་ཁུངས་དང༌། དམག་སྤྱི་ལས་ཁུངས་གཉིས་ཡིན་ཅིང༌། གཙོ་འཛིན་ལས་ཁང་གི་ཁོངས་སུ་ཡན་ལག་ལས་ཁུངས་བཞི་ཡོད་པ་ནི། མཁོ་སྒྲུབ་ཕོགས་ཁང༌། མཐུན་སྒྲིལ་ཁང༌། དྲིལ་བསྒྲགས་ཁང༌། དངུལ་ཁང་བཅས་ཡིན་ལ། དམག་སྤྱི་ལས་ཁང་གི་ཁོངས་སུ་ཡན་ལག་ལས་ཁུངས་ལྔ་ཡོད་པ་ནི། གསང་ཉུལ་བརྟག་ཞིབ་ཁང༌། ཕྱི་འབྲེལ་ཏར་ཁང༌། འཇབ་དམག་སྦྱོང་བརྡར་ཁང༌། དམག་རྟ་ཉོ་སྒྲུབ་ཁང༌། གོ་མཛོད་གསོག་ཉར་ཁང་བཅས་ཡིན་ལ། ལས་བྱེད་རྣམས་ནི་རྒྱལ་གཅེས་དྲང་ཚུགས་ལྡན་ཞིང་ལྷག་བསམ་ཅན། ཞུ་སྒོ་ཁག་འཕྲལ་འཕྲལ་དོན་གཉེར་ཐུབ་པ། མི་སེར་དང་རྫོང་གཞིས་ཁག་ལ་བསྟུན་མཁས་མཐུན་ལམ་ཤེས་པ། ནང་ཁུལ་འགོ་དམངས་ཡོངས་ཉེ་རིང་ཕྱོགས་ལྷུང་དང་བྲལ་ཞིང༌། དགེ་འདོན་སྐྱོན་སེལ་ཐུབ་པ་སོགས་ཚུལ་ལྡན་ཤ་སྟག་མང་མོས་འདེམས་བསྐོ་བྱས་པ་སྟེ།
ཀ ༽ དབུས་སྤྱི་ཁྱབ་ལས་ཁུངས་ཀྱི་སྤྱི་ཁྱབ་བཀོད་འདོམས་པ་ཆེནཔོ་ཨ་འབྲུག་མགོན་པོ་ བཀྲ་ཤིས་མཆོག་ནས་མཛད་རྒྱུ། དེའི་ཡིག་ཚང་ལས་ཁང་ནང་དུ། ༡ ལི་ཐང་འཇང་ཚ་ཆོས་མཛད་ཚེ་རིང་མགོན་པོ་དང༌། ༢།༣། གཉིས་འཁོད་མི་འདུག༤ ཆབ་མདོ་གཡོ་སྟོད་རྡོ་ཚེ། ༥ ལས་དྲུང་ཆབ་མདོ་དཀོན་མཆོག་རྡོ་རྗེ། ༦ དྲུང་ཡིག་སྤེལ་ཟུར་ཇོ་ལགས་རྡོ་རྗེ་ནོར་བུ། ༧ སྒེར་དྲུང་བྲག་གཡབ་བླ་བསྟན།  ༨ ཆབ་མདོ་དྲུང་ཡིག་བློ་བཟང་དབང་འདུས་བཅས་དཔལ་འབར་ནས་བསྐོས།
ཁ༽ གཙོ་འཛིན་ལས་ཁུངས་ནང་ཡོད་ཀ་དང་ལྟར་བཀོད་པ།
༡ འབའ་པ་ཕྱག་མཛོད་བཀྲིས། ༢ འབའ་པ་རྣམ་རྒྱལ། ༣ ཀོང་རག་ཀླུ་སྒྲུབ་ཕྱག་མཛོད་བློ་བཟང་ཕུན་ཚོགས། ༤ ཆ་ཕྲེང་འོ་སྲབ་ཐུབ་བསྟན། ༥ ཨ་མདོ་ལེགས་བཤད། ༦ ལི་ཐང་ཇ་མ་བསམ་འཕེལ། ༧ ལི་ཐང་ཨ་ལོ་ཟླ་བ། ༨ ཉག་རོང་སྐལ་བཟང་རྡོ་རྗེ། ༩ བྲག་མགོ་སེམས་ཉིད་རྡོ་རྗེ། ༡༠ ཚ་བ་རོང་པ་དམ་པ་བློ་གྲོས། ༡༡ རྒྱལ་ཐང་བསོད་ནམས། ༡༢ རྒྱལ་ཐང་མཁར་ཆེན་ཕྱག་མཛོད། ༡༣ ཏྲེ་ཧོར་བེ་རི་ཞི་ཚིར་དབང་དགའ། ༡༤ དཀར་མཛེས་ཕྱག་མཛོད་ཚུལ་ཁྲིམས༌། ༡༥ དར་དགོན་སྒྲོལ་མ་རྒྱ་བོ། ༡༦ རྟའུ་ནོར་བུ། ༡༧ རྫ་ཁོག་ཨ་དཀར། ༡༨ གོ་འཇོ་ཆོས་ཐོབ་ཨ་རྒན། ༡༩ ཆབ་མདོ་བློ་ཉི། ༢༠ ཆབ་མདོ་རྡོ་ཚེ། ༢༡ སྡེ་དགེ་བྱ་རྒོད་རྣམ་རྒྱལ་རྡོ་རྗེ། ༢༢ བྲག་གཡབ་བཀྲ་རྣམ། ༢༣ རྒྱལ་རོང་ཐུབ་བསྟན་བསམ་འཕེལ། ༢༤ རྒྱལ་རོང་བརྒྱ་འབུམ། ༢༥ སྒ་པ་དབང་ཆེན་ལྷ་མགོན། ༢༦ སྨར་ཁམས་འགུ་གྲགས་བཅས་ནི་ཐོག་མའི་གཙོ་འཛིན་གྲས་ཡིན་ལ༌། རྗེས་སུ་བསྐོས་པའི་གཙོ་འཛིན་རྣམས་ནི་སྐབས་དེ་དང་དེར་འགོད་རྒྱུ་ཡིན།
༡༽མཐུན་སྒྲིལ་ལས་ཁང་གི་འགན་འཛིན།
༡ ཆབ་མདོ་བློ་ཉི་དང༌། ༢ ཨ་མདོ་ལེགས་བཤད་གཉིས།
༢༽ དྲིལ་བསྒྲགས་ལས་ཁང་གི་འགན་འཛིན།
༡ ལི་ཐང་ཨ་བློ་ཟླ་བ་དང༌། ༢ ཨ་མདོ་དཀོན་མཆོག་གཉིས།
༣༽ མཁོ་སྒྲུབ་ཕོགས་ཁང་འགན་འཛིན།
༡ ཀོང་རག་ཀླུ་གྲུབ་ཕྱག་མཛོད་བློ་བཟང་ཕུན་ཚོགས་དང༌། ༢ རྟའུ་ནོར་བུ། ༣ དྲུང་ཡིག་བཀྲིས་ནོར་བུ་བཅས་མི་གསུམ།
༤ དངུལ་ཁང་གི་འགན་འཛིན།
༡ བྲག་གཡབ་ཨ་ཕྲུག་བླ་མ། ༢ རྒྱལ་རོང་ཡར་འཕེལ། ༣ མི་ཉག་ཡོན་ཏན་རྒྱ་མཚོ་བཅས་མི་གསུམ།
ག༽ དམག་སྤྱི་ལས་ཁུངས་ནང༌།
༡ འབའ་པ་རྒན་རྣམ་རྒྱལ། ༢ ཆ་ཕྲེང་གཡང་འཕེལ་ཚུལ་ཁྲིམས། ༣ ཆ་ཕྲེང་སྐལ་བཟང་ཆོས་འཛིན། ༤ ཆ་ཕྲེང་ཟླ་བ། ༥ ཨ་མདོ་ཁྲ་མོ། ༦ ཨ་མདོ་སྦྱིན་པ་རྒྱ་མཚོ། ༧ ཨ་མདོ་ཆོས་གྲགས། ༨ འཇོལ་པ་ཟམ་གདོང་ཕྱག་མཛོད། ༩ ལི་ཐང་རྒྱ་རྡོ་དོན་འགྲུབ།༡༠ ལི་ཐང་དབྲ་ཕྲག་ངག་དབང༌། ༡༡ ཉག་རོང་སྐལ་བཟང་རྡོ་རྗེ། ༡༢ ཚ་བ་རོང་པ་ཨ་དཔག། ༡༣ རྒྱལ་ཐང་མཁར་ཆེན་ཕྱག་མཛོད་ཐུབ་བསྟན་དགེ་ལེགས། ༡༤ དཀར་མཛེས་ལམ་བྲག་ཕྱག་མཛོད་པདྨ་ཡེ་ཤེས། ༡༥ དར་དགོན་པད་རྡོ། ༡༦ དར་དགོན་གསེ་གསེ། ༡༧ རྟའུ་མཁས་གྲུབ། ༡༨ གོ་འཇོ་ཨ་སོང༌།༡༩ ཆབ་མདོ་ཚེ་རིང་རྡོ་རྗེ། ༢༠ སྡེ་དགེ་ཕུར་པ་འཕྲིན་ལས། ༢༡ བྲག་གཡབ་ཡོན་ཏན། ༢༢ རྒྱལ་རོང་ཤེས་རབ། ༢༣ སྒ་པ་དགེ་ལེགས་ཕུན་ཚོགས། ༢༤ སྨར་ཁམས་བློ་ཚེ། བཅས་ནི་ཐོག་མའི་དམག་སྤྱིའི་གྲས་ཡིན་ལ། རྗེས་སུ་བསྐོས་པའི་དམག་སྤྱི་རྣམས་ནི་སྐབས་དང་དེར་འགོད་རྒྱུ་ཡིན།
༡ གསང་ཉུལ་བརྟག་ཞིབ་ཁང་ནང༌།
༡ འབའ་པ་རྒན་ཡེ་ཤེས། ༢ ལི་ཐང་རག་ར། ༣ སྡེ་དགེ་གནས་ར་དགེ་ལེགས།༤ སྨར་ཁམས་བློ་ཚེ་བཅས་མི་བཞི།
༢ ཕྱི་འབྲེལ་ཏར་ཁང་དང༌། འཇབ་དམག་སྦྱོང་བརྡར་གྱི་འགན་འཛིན་གཅིག་འཐུས།
༡ ལི་ཐང་ཨ་ཐར་ནོར་བུ་དང༌། ༢ ལི་ཐང་བློ་ཚེ་བཅས་མི་གཉིས།
༣ མཁོ་སྒྲུབ་ལས་ཁང་ནང་།
༡ འབའ་པ་སྐལ་བཟང༌། ༢ ཆ་ཕྲེང་རྨུ་རྒྱལ་མཚན། ༣ འཇོལ་བླའི་ཕྱག་མཛོད། ༤ ལི་ཐང་བློ་བཟང་བསྟན་པ། ༥ གོ་འཇོ་རྡོ་རྩ་རྒྱའུ། ༦ ཆབ་མདོ་བཀྲིས་ཚེ་རིང༌། ༧ ཆབ་མདོ་གྲགས་པ་དབང་ཕྱུག་བཅས་མི་དྲུག
༤ གོ་མཛོད་ལས་ཁང་ནང༌།
༡ ཆ་ཕྲེང་དགའ་བ་ཉི་མ། ༢ ལི་ཐང་བུ་ལུད་ཆོས་གྲགས། ༣ ལི་ཐང་བསོད་ནམས་རྒྱལ་མཚན། ༤ རྒྱལ་ཐང་ཧ་ཡང་སྒང་པ། ༥ ཚ་རོང་རྒྱ་ནག་ཨ་བརྟན། ༦ སྨར་ཁམས་བྱང་ཆུབ་རྒྱལ་མཚན་བཅས་མི་བཞི།
༦ དམག་དུང་འབུད་མཁན།
༡ འཇོལ་བ་བཀྲིས་དབང་ཕྱུག། ༢ ཚ་རོང་བསོད་ནམས་དབང་རྒྱལ། ༣ བྲག་གཡབ་བསྟན་པ་བཅས་སོ། དེ་ནས་དམག་སྤྱི་རྣམས་ཚང་འཛོམས་ཐོག་འགོ་དམག་ཡོངས་ནས་སྤང་བླང་ཞུ་སྒོའི་དམག་ ཁྲིམས་དོན་ཚན་ཉེ་བདུན་གསར་གཏོད་བྱས་པ་དང་འབྲེལ། ཐོག་མར་ཤོག་ཁ་ཉི་ཤུ་རྩ་གྲངས་ཤིག་བར་ཀ་བརྡ་རྒྱན་བརྒྱབ་གཤམ་གསལ་ལྟར་ཡིན།
ཀ། ལས་ཁང་ཁག།  ཁ། འབའ་པ།  ག ཀོང་རག  ང། ཆ་ཕྲེང༌། ཅ། ཨ་མདོ། ཆ། འཇོལ་པ། ཇ། ལི་ཐང༌། ཉ། ཉག་རོང༌། ཏ། ཚ་བ་རོང་པ།  ཐ། རྒྱལ་ཐང༌། ད། དཀར་མཛེས། ན། ༼ན་ཚ་མི་ཡོང་བའི་རྟེན་འབྲེལ་ཆེད་རྒྱན་ཁོངས་སུ་མ་བཞག༽ པ། དར་དགོན། ཕ རྟའུ། བ། གོ་འཇོ། མ། ཞི་ཚིར་བེ་རི། ཙ། བྲག་འགོ། ཚ། ཆབ་མདོ། ཛ། སྡེ་དགེ། ཝ། བྲག་གཡབ། ཞ། རྒྱལ་རོང༌། ཟ། སྒ་བ། འ། སྟོང་སྐོར། རྗེས་སུ་༼མཚོ་སྣ་ནས་བཅུག་པ།༽ ཡ། སྨར་ཁམས། ར།  ལ། གླིང་ཚང༌། ༼རྗེས་སུ་ལྷ་རྒྱ་རི་ནས་བཅུག་པ།༽  ཤ།   ས། ས་འདུ༌། ༼རྗེས་སུ་ལྷ་རྒྱ་རི་ནས་བཅུག་པ།༽  ཧ། དགའ་ལྡན། ༼རྗེས་སུ་ལྷ་རྒྱ་རི་ནས་བཅུག་པ།༽  ཨ།
གོང་གསལ་དྭང་བླངས་དམག་དཔུང་ གི་ཤོག་ཁག་གོ་རིམ་རྣམས་ལྕགས་ཚ་གྲི་གུ་ཐང་དུ་དམག་གི་སྒྲིག་ཁྲིམས་བཅས་པའི་ སྐབས་ཤོག་ཁའི་མིང་གཞུང་འཁོད་པའི་ཡིག་ཆ་དང་དེ་རྗེས་ལྷ་རྒྱལ་རི་སོགས་ནས་ཁ་ སྣོན་བྱས་པའི་ཤོག་ཁའི་མིང་གཞུང་ཡིག་ཆ་ལྟར་བཀོད་པ་ཡིན་ལ། མིང་འཁོད་མེད་པའི་ཤོག་ཁ་འགའ་ཞིག་ནི་སྐབས་དེར་རང་ཁོངས་ཤོག་ཁའི་བཀོད་འདོམས་ མེད་སྟབས་ཤོག་ཁ་གཞན་དག་གི་ཁོངས་སུ་ཁ་གྲམ་སོང་བ་ཡིན། ཀློག་པ་པོ་རྣམས་ཀྱིས་ཧོབ་ཏེ་གཟིགས་ཚེ་འཛམ་གླིང་སྤྱི་ཡོངས་ཀྱི་དམག་གི་སྒྲིག་ འཛུགས་གཅིག་དང་མི་འདྲ་བར། དམག་གི་གྲངས་འབོར་ལ་གཞིགས་ན། གཙོ་འཛིན་དང༌། དམག་སྤྱི། བརྒྱ་དཔོན་སོགས་མང་དྲག་པ་ལྟ་བུར་མཐོང་སྲིད་ནའང༌། དེ་ནི་སྔར་ཁམས་ཁུལ་གྱི་གནས་སྟངས་ཀྱི་ཆ་ནས་རྒྱལ་པོ་དང་རྒྱལ་ཕྲན། བླ་ཁག་དང་དཔཽན་ཁག་ཤོག་ཁ་དང་ལུང་ཚན་སོ་སོར་གནས་ནས་ང་ཆེ་ང་བཙན་གྱི་བསྡད་པའི་ བག་ཆགས་ལས། མང་པོ་ཕྱོགས་དྲིལ་གྱི་དམག་གི་རུ་ཤོག་སྒྲིག་ན་རྟ་སྤུ་ཟིང་ཟེར་བ་ལྟར་འགྱུར་ རྒྱུར་བརྟེན། སྒྲིག་འཛུགས་འདིའི་ཁོངས་སུ་ཞུགས་ཕྱིན་བུ་རྟ་མང་ཉུང་དང༌། སྟོབས་འབྱོར་ཆེ་ཆུང་སོགས་ལ་མ་ལྟོས་པར་གཙོ་འཛིན་དང༌། དམག་སྤྱི། བརྒྱ་དཔོན་སོགས་བསྐོ་བཞག་བྱས་ཏེ། ཐམས་ཅད་འདྲ་མཉམ་གཅིག་གྱུར་ཡོང་ཆེད་དེ་འདྲའི་ཐབས་མཁས་ཀྱི་སྲིད་ཇུས་ཤིག་བཟུང་ བ་རེད།
གཏན་འབེབས་བྱས་པའི་དམག་ཁྲིམས་དོན་ཚན་ཉི་ཤུ་རྩ་བདུན།
སྐབས་ དེར་དམག་དཔུང་གཏོས་ཤིན་ཏུ་ཆེ་སྟབས་དམག་དཔུང་ནང་ཁུལ་དང་ཡུལ་དགོན་མི་དམངས་ བཅས་པར་འཁྲུགས་རྩོད་དང་འཕྲོག་བཅོམ་སོགས་ཀྱི་ཉེན་ཁ་ཡོང་སྲིད་པའི་སྔོན་འགོག་ ཆེད་བརྟན་ལྷིང་ལྡན་པའི་དམག་ཁྲིམས་དོན་ཚན་ཉི་ཤུ་རྩ་བདུན་གཏན་འབེབས་བྱས་པ་ གཤམ་གསལ།
༡ དགོན་སྡེན་ཁག་དང༌། གཞུང་འབངས་མི་སེར་ཐོག་འཕྲག་བཅོམ་དང༌། ཉེས་རྡུང༌། ཧམ་བཤད། བརྙས་བརྐོ་སོགས་རྡབ་སིག་འགྲོ་བའི་རིགས་གཏན་ནས་མི་ཆོག
༢ གལ་སྲིད་དངོས་དངུལ་འཕྲོག་འཁྱེར་བྱས་རིགས་བྱུང་ན་ཕྱིར་སློག་ཐོག་ལུས་སྟེང་ ཁྲིམས་གཅོད་དང༌། དེ་མིན་འགལ་ཚབས་ཆེ་ཆུང་ལ་གཞིགས་པའི་ཉེས་ཆད་ནན་པོ་གཅོད་རྒྱུ།
༣ བུད་མེད་ལ་བཙན་གཡེམ་དང་ཆང་རག་བཏུང་མི་ཆོག དེ་ལས་འགལ་རིགས་ཤར་ཚེ་འགལ་ཚབས་ཆེ་ཆུང་ལ་གཞིགས་པའི་ཉེས་ཆད་གཅོད་རྒྱུ།
༤ དེ་ཉིན་ནས་བཟུང་དམག་ཁྲིམས་དང་འགལ་བའི་རིགས་བྱུང་ཚེ་ལས་ཁུངས་ཁག་ལ་སྟབས་བསྟུན་མ་དགོས་པར་དམག་སྤྱི་ལྷན་སྟེང་ནས་ཐག་གཅོད་བྱ་རྒྱུ།
༥ འགལ་འཛོལ་རིགས་ལ་དམག་སྤྱི་ལས་ཁུངས་ནས་དྲང་པོ་དྲང་རྐྱང་གི་བཀའ་ཇི་སྩལ་སྡིག་བསགས་རང་འཁུར་ཞུ་རྒྱུ།
༦ དམག་སྒར་ནང་ང་ཚོ་དང་ཁོ་ཚོ་ཟེར་བ་སོགས་ཉེ་རིང་ཕྱོགས་འཐེན་གྱི་རིགས་གཏན་ནས་བྱེད་མི་ཆོག
༧ ཤོག་ཁག་སོ་སོའི་འགན་འཁུར་བ་རྣམས་ཀྱིས་གཞུང་དོན་ལྷག་བསམ་རྣམ་དག་ཞུ་བ་ལས་རང་ དོན་སྦུབ་འཚང་གི་ཆགས་སྡང་ཕྱོགས་ལྷུང་མེད་པའི་ལས་དོན་བསྒྲུབ་རྒྱུ།
༨ དམག་མི་ནང་ཁུལ་དངོས་པོ་ཁབ་སྐུད་ཙམ་རྐུ་འཁྱེར་ལྟ་ཅི་དངོས་དངུལ་རྙེད་ཀྱང་དོ་བདག་ལ་ཕྱིར་སྤྲོད་བྱེད་དགོས་པ་ལས་སྦས་སྐུང་མི་ཆོག
༩ ཕྱོགས་ཐོན་སྐབས་ཤོག་ཁ་སོ་སོའི་འགན་འཁུར་བ་རྣམས་རྒྱན་དཀྲུག་འདོན་གྱིས་རུ་ ཤོག་སོ་སོར་བརྡ་ལན་བྱུང་འཕྲལ་དམག་རྟ་གོ་མཚོན་སོགས་ལེ་ཐོགས་མེད་པར་ཐོན་ཆོག་ ཨང་སར་དགོས་རྒྱུ།
༡༠ ཕྱོགས་ཐོན་གྱི་ཚེ་རྒྱན་དཀྲུག་ནས་ཐོན་པ་ལྟར་རུ་ཤོག་སོ་སོ་གོ་རིམ་མ་འཁྲུག་པར་ ཐོན་རྒྱུ་དང༌། ཚ་འབོག་དང་སྡོད་གནས་གང་འཁེལ་གོ་རིམ་ལྟར་སྡོད་པ་ལས་རང་སྣང་གང་དྲན་མི་ཆོག དེ་བཞིན་རྟ་དྲེལ་ཞིང་ཁའི་ནང་བཏང་མི་ཆོག
༡༡ དམག་སར་འགན་འཁུར་བས་བཀའ་བཀོད་ཇི་སྩལ་དང་ལེན་ཞུ་བ་ལས་ཀ་ཀོར་རིགས་མི་ཆོག
༡༢ དམག་དམངས་ནང་ཁུལ་མི་ངན་ཁ་མཐུན་གྱིས་དབང་ཤེད་རིགས་ནམ་ཡང་མི་ཆོག
༡༣ དམག་སྒར་ནང་ཕྱི་ལག་ནང་འདྲེན། གསང་བ་ཕྱིར་སྐྱེལ་རིགས་འགོ་དམག་སུ་ཐད་ནས་བྱུང་ཚེ་སྲོག་ཐོག་གཏོང་རྒྱུ་དང༌། ཁ་དབང་གཞུང་བཞེས་གཏོང་རྒྱུུ།
༡༤ རུ་ཤོག་སོ་སོའི་འགན་འཁུར་བས་གོང་དོན་དང་འགལ་རིགས་ཡོད་མེད་ཞིབ་བརྟག་ནན་པོ་བྱེད་རྒྱུ།
༡༥ དམག་སར་རུ་ཤོག་སོ་སོའི་སྔོན་ཐོན་ཁས་ལེན་པ་རྣམས་ཀྱིས་ཆུ་ཚོད་དུས་ཐོག་ལས་ཕྱི་ འགྱངས་སྐར་ཆ་ཙམ་མེད་པ་དཔའ་ངར་ཆེན་པོས་ཐོག་བབས་པ་ལྟར་རྒྱག་རྒྱུ།
༡༦ དམག་འཐབ་སྐབས་ཕ་རོལ་དགྲ་བོའི་སྡོད་ཁང་བླངས་ཏེ་དམག་དར་རུ་ཤོག་སུས་བཙུགས་ཀྱང་ དེར་དཔའ་དར་གཟེངས་སུ་ཐོན་པ་སྤྲོད་རྒྱུ་དང༌། དེར་ཐོབ་པའི་དགྲ་བའི་རྫས་མདེལ་གོ་ལག་སོགས་དངོས་དངུལ་ཇི་ཡོད་གཞུང་ཐོག་རྒྱག་ རྒྱུ།
༡༧ དམག་མི་སྒེར་སོ་སོས་དགྲ་ལག་ནས་ཐོབ་པའི་གོ་ལག་བཟང་ཞན་ལ་གཞིགས་པའི་རིན་འབབ་དང་དཔའ་དར་སྤྲོད་རྒྱུ།
༡༨ དགྲ་བོ་མགོ་བཏགས་ཞུས་རིགས་ཀྱི་གོ་ལག་གཞུང་བཞེས་གཏོང་རྒྱུ་ལས་ཉེས་རྡུང་གཏོང་མི་ཆོག
༡༩ དགྲ་བོ་དང་གཡུལ་འགྱེད་སྐབས་ཐོབ་པའི་གོ་ལག་རྣམས་གཞུང་ཐོག་རྒྱག་རྒྱུ་དང༌། གཡུལ་ལས་རྒྱལ་བའི་དར་ཆ་སྒྲེང་མིར་དཔའ་དར་སྤྲོད་རྒྱུ།
༢༠ དགྲ་དམག་དཔོན་རིགས་མགོ་ལག་ལེན་ཐུབ་ཚེ་ལས་ཁུངས་སུ་རྩིས་འབུལ་ཞུས་ཏེ་ལས་ཁུངས་ནས་ནང་མཛོད་དང་བཅས་དཔའ་དར་གཟེངས་སུ་ཐོན་པ་སྤྲོད་རྒྱུ།
༢༡ དམག་འཐབ་སྐབས་ངར་རྒོད་དང༌། དཔའ་རྩལ་ཆེ་ཆུང་ལ་གཞིགས་པའི་གོ་གནས་དང་དཔའ་དར་སྤྲོད་རྒྱུ།
༢༢ རང་དམག་གབ་ཡིབ་དགོས་པའི་ཚེ་རང་ལུས་ལ་ཉེས་སྐྱོན་མེད་པར་གོ་ལག་དགྲ་བོར་ཤོར་བའི་རིགས་ལ་ཉེས་ཆད་གཅོད་རྒྱུ།
༢༣ བྱེས་འབྱོར་གོ་ལག་དང་བཞོན་རྟ་མེད་པ་རྣམས་ལ་དཔའ་རྩལ་ཆེ་ཆུང་ལ་གཞིགས་པའི་གོ་ལག་དང་དམག་རྟ་སྤྲོད་རྒྱུ།
༢༤ དམག་སྒར་ཕྱི་ནང་དང་རུ་ཤོག་རྣམས་ས་གནས་གང་དུ་སླེབས་ཀྱང་དོན་མེད་ཀྱི་མེ་མདའ་རྒྱག་མི་ཆོག
༢༥ གོང་གསལ་ཉེས་ཆད་ཉེར་བཞི་འཁོད་རིགས་ཕུད། དེ་བྱིངས་འགལ་ཉེས་རིགས་ལ་དམག་སྤྱི་ལྷན་སྟེང་ནས་ཞིབ་འཇུག་གིས་ཉེས་པ་ཆེ་ཆུང་ ལ་གཞིགས་པའི་ལུས་སྟེང་ཁྲིམས་ལྕག་གཅིག་ནས་ཉིས་བརྒྱའི་བར་དང༌། དངོས་པོའི་ཉེས་ཆད་ཌམ་རྡོ་བཅུ་ནས་ལྔ་བཅུ་བར་གཏོང་རྒྱུ།
༢༦ མི་ངན་དཔུང་སྒྲིག་གིས་ཁྲིམས་འགལ་ལངས་རིགས་བྱུང་ཚེ་རུ་ཤོག་ཚང་མ་མཉམ་རུབ་ཀྱིས་རྩ་གཏོར་གཏོང་རྒྱུ།
༢༧ རུ་ཤོག་ཚང་མས་སྤྱི་གན་ཆེན་མོའི་དགོངས་དོན་གཞིར་བཟུང་སྟེ་ལག་ལེན་བསྟར་རྒྱུ་ བཅས། བསྟན་སྲུང་དྭང་བླངས་དམག་སྤྱི་ལྷན་སྟེང་ནས་ཕྱི་ལོ་ ༡༩༥༨ ཟླ་ ༦ ཚེས་ ༡༥ ལ།།
དྭང་བླངས་དམག་གི་སྒྲིག་འཛུགས་དབུ་བརྙེས་པའི་མཛད་སྟོན་དང་ཡུལ་མི་བར་གྱི་མཐུན་སྒྲིལ།
སྤྱི་ ལོ་ ༡༩༥༨ ཟླ་ ༦ ཚེས་ ༡༦ བོད་ས་ཕོ་ཁྱི་ལོའི་ཟླ་ ༥ ཚེས་ ༧ ཡར་འབྲོག་གཡུ་མཚོའི་ཕར་འགྲམ། གཉལ་ལྷུན་རྩེ་རྫོང་གི་ཚུར་འགྲམ། ཡར་ཀླུང་ཕོ་བྲང་གི་ཕར་ནང༌། མཚོ་སྣའི་ཐང་ཆེན་གྱི་ཡར་ནང༌། དཔལ་མགོན་པོ་ནག་པོའི་བླ་མཚོ་ལྕགས་ཚ་གྲི་གུ་མཚོ་ཁའི་ཐང་ཆེན་བཀྲིས་མཐོང་སྨོན་ དུ་མདོ་ཁམས་ཆུ་བཞི་སྒང་དྲུག་བསྟན་སྲུང་དྭང་བླངས་དམག་སྒར་དབུ་བརྙེས་པའི་མཛད་ སྟོན་ཚུགས། མེ་ཏོག་རྣམ་པར་བཀྲ་ཞིང་སྤང་ལྗོངས་ཡངས་པའི་སྟེང་དུ་བཀྲ་ཤིས་རྟགས་རྫས་ཀྱི་རི་ མོས་ཕྱུག་པའི་དབུ་གུར་རྒྱ་ཁྱོན་ཡངས་པ་ཞིག་བསྒྲོན་པའི་དབུས་སུ་བཞུགས་ཁྲི་ བརྗིད་ཉམས་ལྡན་པ་ཞིག་བཀོད། མདུན་ངོས་རྣམས་སུ་གྲུམ་རྩེའི་རྨ་ཞོལ་བརྒྱབ་པའི་གྲལ་བསྟར་མང་དུ་བཟོས། དཀྱིལ་དུ་ལྷབ་ལྷུབ་ཏུ་གཡོ་བའི་གསར་བཞེངས་དར་ཆ་བརྗིད་ཉམས་ཆེ་བ་ཞིག་བཙུགས༌། དགེ་འདུན་པ་རྣམས་ནས་སྒྲ་བླ་སྤྲིན་ལྟར་འཁོར་བའི་རྟེན་རྫས་དང༌། མཆོད་གཏོར་ཚར་དུ་དངར་བ་བཤམས་ཏེ་རྒྱགས་རྔན་ལྷ་བསངས་ཆེན་མོ་དང༌། སྒྲ་བླ་དཔའ་བསྟོད་སོགས་བོད་ཁམས་སྐྱོང་བའི་ལྷ་སྲུང་རྣམས་ལ་གསོལ་མཆོད་མཛད། ཕྱོགས་ཀུན་ནས་དྲི་ངད་ལྡན་བའི་ལྷ་བསང་དགུང་ལ་རེག་པ་བཏང༌། མཚམས་ཤིག་ཏུ་སྤྱི་ཁྱབ་བགྲེས་བཞོན་དང༌། གཙོ་འཛིན་དམག་སྤྱི། ལས་ཁུངས་ཁག་གི་ལས་བྱེད་མི་སྣ་བཅས་ནས་སྤོས་སྣེ་དང་བཅས་ྋགོང་ས་བཀའ་དྲིན་བླ་ མེད་རྒྱལ་བའི་དབང་པོ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོའི་སྐུ་པར་གདན་དྲངས་ཏེ་ བཞུགས་ཁྲིའི་ཐོག་བཀོད། གསོལ་ཇ་བཞེས་འབྲས་ཕེབས། དེ་མཚམས་སྤྱི་ཁྱབ་མགོན་པོ་བཀྲ་ཤིས་མཆོག་ནས་མབྱྡལ་སྐུ་གསུང་ཐུགས་རྟེན་འདེགས་ འབུལ་དང་འབྲེལ་འགོ་དམངས་ཡོངས་ནས་མཇལ་དར་ཕུལ་ཞིང༌། བསྟན་དགྲ་རྒྱ་དམར་ལ་མི་ཞུམ་པའི་དམ་བཅའ་ཕུལ། དེ་ནས་མདོ་ཁམས་པའི་གནའ་སྲོལ་ལྟར་འགོ་དམངས་ཚང་མས་རྟ་བཞོན་གོ་ཐོགས། རུ་བཞི་སྒྲིག་གིས་རི་ལུང་ཁེངས་པའི་ཀི་སྒྲ་དང་བཅས་བསང་སྐོར་བྱས་མཐར་ཚང་མ་རྟ་ ལས་བབས། ཕྱེ་མར་མཆོད་ནས་ཀི་སྭོ་དང་ལྷ་རྒྱལ་བཏང༌། དེ་ཉིན་ལྷོ་ཁ་རྒྱུད་ཀྱི་རྫོང་ངོ་ལས་དང་དགོན་སྡེ་ཁག་གི་ལས་སྣེ། ཡུལ་མི་གཙོ་དྲག་བཅས་སྐུ་མགྲོན་དུ་གདན་ཞུ་བྱས་པ་རྣམས་དང་ལྷན་དུ་གདན་གྲལ་དུ་ འཁོད། གསོལ་ཇ་དང༌། བཞེས་སྤྲོ་ཕུལ་རྗེས་ཆུ་སྒང་དབུ་འཛིན་ནས་གསུང་བཤད་གནང་བ། སྤྱི་ལོ་ ༡༩༤༩ ལོ་ནས་བསྟན་དགྲ་རྒྱ་དམར་གྱིས་མདོ་ཁམས་ཤར་ཕྱོགས་ནས་རིམ་ཟོས་ཀྱིས་མུ་མཐུད་ དྲག་ཤུགས་དང༌། གདུག་རྩུབ་ཇེ་ཆེར་བཏང་བ་དང༌། ༡༩༥༦ ནས་བཟུང་གུང་ཁྲན་རིང་ལུགས་ཀྱི་ལྟ་སྤྱོད་དངོས་སུ་ཐོནཏེ་དམངས་གཙོ་བཅོས་སྒྱུར་ ཞེས་པའི་ལམ་ལུགས་གྲལ་རིམ་འཐབ་རྩོད་དང༌། རྒྱུ་དངོས་བཙོན་འཕྲོག ཉེས་མེད་བསད་བཟུང་དང༌། བཙོན་བཅུག་ངལ་རྩོལ་ལས་སྐུལ་བྱེད་པའི་བྱ་སྤྱོད་ལག་བསྟར་དང་འབྲེལ་མདོ་ཁམས་ས་ ཁུལ་གྱི་དགོན་སྡེ་མང་པོར་འབོམ་མདེལ་གྱིས་གཏོར་བཅོམ་བཏང་བ་དང༌། བླ་མ་དང་དགེ་འདུན་དཔོན་ཁག་མི་དྲག ཚོང་རིགས་མི་དམངས་བཅས་པར་དྲག་གནོན་མི་བཟོད་པ་བྱས་ཏེ་མི་རྒྱུ་གཉིས་མེད་བཟོས་ ཟིན་ཡང༌། ད་དུང་ཧམ་སེམས་ཀྱི་བོད་རྒྱལ་ཁབ་ཆེན་པོའི་ཆབ་སྲིད་དང༌། མི་མང་གི་ཁེ་དབང་ལ་བཅོས་སྒྱུར་གྱིས་དོན་སྙིང་བོད་རྒྱལ་ཁབ་དེ་བཞིན་མིང་གི་ ལྷག་མ་ཙམ་དུ་གཏོང་རྒྱུའི་ཉེན་ཁའི་དུས་སུ་སླེབས་ཟིན་པར་བརྟེན། ང་ཚོས་འགན་བློས་མ་བཟོད་པར་འུ་ཐུག་ཐབས་ཟད་ཀྱིས་ལུས་སྲོག་ལོངས་སྤྱོད་དང་བཅས་ པ་བློས་བཏང་ནས་བསྟན་དགྲ་རྒྱ་དམར་ལ་རྒོལ་འཛིང་བྱེད་རྒྱུའི་སེམས་ཐག་བཅད་ཟིན་ ཀྱང༌། རྒྱལ་ས་ལྷ་སར་རྒྱ་དམར་དང་རྒོལ་འཛིང་བྱས་ཚེ་གཙོ་བོ་ྋགོང་ས་ཆེན་པོའི་སྐུ་ཕྱ་ དང༌། གཞུང་ས་དགའ་ལྡན་ཕོ་བྲང་པ་ཆེན་པོའི་ཆབ་སྲིད། འཕྲུལ་སྣང་བཙུགས་ལག་ཁང་སོགས་ལའང་ཉེན་ཁ་ཆེ་བར་གཞུང་བསྟེན་བསྟན་སྲུང་ཁག་གི་ བཀའ་ལུང་རྩེ་མཐུན་བྱུང་དོན་བཞིན་འདི་ག་གྲི་གུ་ཐང་དུ་བསྟན་སྲུང་དྭང་བླངས་ དམག་སྒར་གྱི་རྟེན་གཞི་མི་བཅའ་ཐབས་མེད་བྱུང་ཞིང༌། ང་ཚོ་རྒྱུ་དངོས་གཞན་གྱི་ཐོག་ཏུ་རོགས་རམ་ཞུ་དགོས་གང་ཡང་མེད། འོན་ཀྱང་མི་རྟའི་ཟ་ཆས་རིགས་ས་ཁུལ་སོ་སོའི་རྫོང་འགོ་ཁག་དང༌། གཞིས་ཁ་ཁག་སྒེར་ཕྱུག་རྣམས་ལ་ས་བབས་རོགས་རམ་སྔ་འདོན་མི་ཞུ་ཐབས་མེད་ཡོང་གནས་ ལ་སོང༌། དེ་དོན་དགོངས་འཇགས་ཡོད་པ་དང༌། སླད་རང་དབང་བདེ་འཇགས་བྱུུང་མཚམས་སྐྱིན་ཚབ་གུན་མེད་འབུལ་རྒྱུའི་གན་འཛིན་ འབུལ་ལམ་ཞུས་ཆོག་རྒྱུ། ད་ལམ་འདི་གར་མི་རྟ་གོ་ཧྲག་ཁྱོན་ཆེ་འདི་ཙམ་འབྱོར་བ་རྣམས་ཆུ་སྒང་ས་ཁུལ་སོ་ སོའི་སྔ་འཕྲོས་འཐུས་མི་ཤ་སྟག་ཡིན་ཅིང༌། རྩ་བའི་རང་དམག་བྱིངས་རྣམས་རིམ་བཞིན་འབྱོར་རྒྱུ་ཡོད་པས་དམག་སྒར་གཞི་རྒྱ་ཆེ་ ཙམ་ཡོང་རྒྱུར་བསྟེན་དེ་རྩིས་ཚང་མས་སྔོན་གྲབས་ཀྱི་ལས་དོན་ཐོག་ཞུགས་དགོས་ཞེས་ སོགས་གསུངས༌། སྐབས་དེར་ལྷོ་ཁུལ་རྫོང་འཐུས་སྐུ་ཚབ་གཅིག་ནས་གསུང་བཤད་གནང་དོན། ད་ལྟ་ཆུ་སྒང་གཙོ་འཛིན་ནས་གསུང་པ་ལྟར་བསྟན་དགྲ་རྒྱ་དམར་གྱྀ་རྒྱལ་བསྟན་ཆབ་ སྲིད་དང་བཅས་པ་རྨེག་མེད་བཅོམ་རྒྱུའི་རེ་ངན་བཅངས་མུས་ཡིན་པ་ང་ཚོ་ཚང་མས་ མཁྱེན་གསལ་ལྟར་ལགས་ཤིང༌། དེར་བརྟེན་ད་ལམ་ཆུ་སྒང་བསྟན་སྲུང་དྭང་དམག་གསར་འཛུགས་གནང་བ་དེར་ང་ཚོས་ཁ་ཙམ་ མིན་པའི་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་དང༌། དམག་རྒྱགས་ཐད་རེ་སྐུལ་གནང་དོན་ལྟར་ང་ཚོ་ལྷོ་ཁ་ཁུལ་རྫོང་ཁག་ཉི་ཤུ་རྩ་ལྔའི་ མངའ་ཁོངས་དགོན་སྡེ་ཁག་དང༌། སྒེར་གཞིས་ཁག་ནསབཟའ་བཅའ་སོགས་སྔ་འདོན་འབུལ་རྒྱུའི་དྭང་ལེན་ཞུ་ཆོག་པ་དང༌། ཆུ་སྒང་དམག་མི་ཁོངས་ནས་དོན་མེད་མི་མང་ལ་བརྡ་ཁྱབ་ངེས་པར་གནང་གལ་ཆེ་བ་སོགས་ གསུངས། དེའི་མཇུག་ཕན་ཚུན་ཐུགས་རྗེ་ཆེ་ཞུ་རེས་དང་བཅས་དེ་ཉིན་མཛད་སྟོན་གྲོལ། དེ་ནས་སྤྱི་ཁྱབ་མགོན་བཀྲ་མཆོག་གིས་གཙོས་འགན་ཁུར་བ་ཚང་མ་མཉམ་འཛོམས་ཐོག་ཕན་ ཚུན་དྲི་བ་དྲིས་ལན་དང་བསམ་གྲོས་ལྷུག་པོར་འདོན་པའི་སྐབས་ཤིག་ཏུ། འགན་འཁུར་མི་སྣ་ལ་ལས་བསྟན་པ་སྙིང་དབུས་སུ་བཅངས་ཏེ་བློ་ཐག་ཆོད་པོས་དམག་འཐབ་ ལ་ཞུགས་ཚེ་དམག་མི་གྲངས་འབོར་མང་ཉུང་ཡོད་པ་ཙམ་ལ་ཧ་ལས་རྒྱུ་མི་འདུག་ཀྱང༌། བསྟན་དགྲར་ཁ་གཏད་ཆོག་པའི་འཕྲུལ་མདའ་དཔེ་གསར་ཅན་དང༌། ལྷག་པར་རྫས་མདེལ་རྗོགས་མཐའ་མེད་པ་ཞིག་དགོས་པས། གོ་ལག་དང་རྫས་མདེལ་རོགས་རམ་བྱེད་མཁན་ཡོད་དམ་ཞེས་དྲི་བ་ཞུས། ཡང་ལ་ལས་བསྟན་དགྲ་རྒྱ་དམར་གུང་ཁྲན་དང་དམག་འཐབ་བགྱིས་ཚེ་ཟླ་བ་རེ་ཟུང་བས་དམག་ ཐག་ཆོད་རྒྱུ་ཤིན་ཏུ་དཀའ་བས་དམག་རྒྱགས་ཐད་ལྷོ་ཁུལ་རྫོང་ཁག་ཉེར་ལྔའི་ཁོངས་ ཀྱི་གཞིས་ཁ་ཁག་དང༌། དགོན་སྡེ་ཁག་ནས་རོགས་རམ་གནང་བཞེད་དེ་ལྟར་ཡང༌། དེ་ཙམ་གྱིས་དམག་རྒྱགས་འདང་རྒྱུ་ཤིན་ཏུ་དཀའ་བས། དམག་རྒྱགས་དངོས་དངུལ་སོགས་རྒྱབ་སྐྱོང་རོགས་རམ་བྱེད་མཁན་ཡོད་དམ་ཞེས་སོགས་ དྲི་བ་མང་དུ་བྱུང་བར་སྤྱི་ཁྱབ་མགོན་པོ་བཀྲིས་མཆོག་ནས་ལྷ་རབ་བྱུང་ན་བོད་རྒྱ་ གཉིས་ཞི་འཇགས་ཏེ་རྒྱ་རྒྱ་ཡུལ་དང༌། བོད་བོད་ཡུལ་སོ་སོར་གནས་ཏེ་ལྷ་ཞི་ལྷུ་འགྲིག་ཡོང་བའི་རེ་བ་ཡོད། གང་ལགས་ཤེ་ན། མི་རིང་བར་རྒྱ་གར་གྱི་སྲིད་བློན་ནེ་རུ་ལྷ་སར་ཕེབས་འཆར་ཡིན་ན། སྐབས་དེར་ཞི་འགྲིག་བཟོ་ཐུབ་ངེས་རེད་སྙམ། གལ་ཏེ་བསྟན་དགྲ་རྒྱ་མི་དང་དམར་འཛིང་མི་བྱ་ཐབས་མེད་བྱུང་ཚེ། ང་ཚོ་ཚང་མ་བོད་བསྟན་སྲིད་ཀྱི་དོན་དུ་རང་སྲོག་བློས་གཏོང་གིས་དུས་ཡུན་གང་ འཁྱོལ་རིང་དམག་འཐབ་བྱེད་རྒྱུ་བློ་ཐག་གཙང་མ་བཅད་དེ་ཡོང་བ་ལས་སྒེར་དོན་ཏིལ་ འབྲུ་ཙམ་ཞི་མེད་པས། ཕྱོགས་མཐར་ཡོད་པའི་བོད་གཞུང་གི་གོ་མཛོད་ཁག་དང༌། དེ་བཞིན་གཞུང་འབྲུ་བཀར་འཇུག་བྱས་ཁག་རྣམས་ཀྱང་དགྲ་ལག་ཏུ་མ་ཤོར་བར་ང་རང་ཚོའི་ དམག་སྒར་ནས་བེད་སྤྱོད་བཏང་ན་འོས་ཤིང་འཚམས་པ་རེད་སྙམ་གྱི་འདུག་པ་མ་ཟད། ཕྱི་རྒྱལ་ཁག་ཏུའང་འབྲེལ་བ་ཞུ་བཞིན་ཡོད་ན་གོ་ལག་རྫས་མདེལ་བཅས་རོགས་རམ་ཡོང་ རྒྱུ་རེད་སྐོར་གསུངས་པར་ཚང་མས་དེ་རང་རེད་ཅེས་མངོན་པར་བསྟོད། དུས་སྐབས་དེ་དག་ཏུ་ཕྱོགས་སོ་སོ་ནས་བསྟན་སྲུང་དང་བླངས་དམག་ཏུ་འཛུལ་མི་རྒྱ་ མཚོའི་ནང་ཆུ་ཕྲན་འདུ་བ་ལྟར་རིམ་འབྱོར་བྱུང་ཞིང༌། དམག་དཀྱུས་རེ་ཟུང་ནས་དམག་རྟ་གོ་འཕེར་མེད་སྟབས་ལམ་བར་མི་སེར་གྱི་བཞོན་རྟ་ འཕྲོག་བཅོམ་བྱེད་པ་དང༌། དེ་མིན་མི་ཁག་ཅིག་ནས་ཀྱང་ཆུ་སྒང་དམག་ཁོངས་སུ་སྐྱོད་མཁན་ཡིན་ཁུལ་གྱིས་མི་ སེར་ཐོག་དོས་དངུལ་དང་རྟ་དྲེལ་འཕྲོག་བཅོམ་མང་དུ་འཕེལ། གནས་ཚུལ་དེ་ཉིད་བསྟན་དགྲ་རྒྱ་དམར་གྱིས་ཤེས་ཚོར་བྱུང་བས། འགལ་བ་ཕྲན་བུ་བྱུང་བ་དེ་ཉིེད་ཇེ་ཆེར་བཏང་སྟེ་དེའི་བར་ནས་ཁེ་བཟང་ལེན་ཐབས་ བྱེད་པ་དེ་ནི་རྒྱ་དམར་གྱི་ཐབས་བྱུས་ཐུན་མོང་མ་ཡིན་པ་ཞིག་ཡིན་སྟབས། སྐབས་དེར་ཆུ་སྒང་བསྟན་སྲུང་དང་བླངས་དམག་ལ་རྐུན་ཇག་གི་ངན་མིང་བཏགས་ཏེ་གཞུང་ འབངས་མི་སེར་དང་ཁ་བྲལ་གཏོང་སེམས་ཀྱིས་ཀླད་མེད་བྱབ་ཆུང་བ་ཁག་ཅིག་ལ་འདོད་བློ་ ཁེངས་པའི་གླ་རྔན་སྤྲོད་དེ་ཁོ་པ་ཚོ་ཁག་བགོས་ཀྱིས་བསྟན་སྲུང་དང་དམག་ཏུ་བརྫུས་ ནས་མི་སེར་ཐོག་འཕྲོག་བཅོམ་དང༌། ཉེས་རྡུང་གཏོང་མཁན་ཡང་ཇི་སྙེད་ཅིག་བྱུང་འདུག་པར་བརྟེན་ལྷོ་ཁུལ་གཞུང་འབངས་ མི་སེར་ཚོ་གཅིག་འུ་ཐུག་སྟེ་ཆུ་སྒང་དམག་སྤྱི་འགན་ཁུར་རྣམས་ལ་སྙན་ཞུ་ཕུལ་ འབྱོར་བྱུང་བས། དེ་འཕྲལ་ལྷོ་ཁུལ་རྫོང་ཁག་སོ་སོར་མི་ངན་དེ་རིགས་ས་གནས་གང་དུ་སླེབས་ཀྱང་ཡི་ གེ་དང༌། བརྡ་ལན་སྤྲོད་ཚེ་ཆུ་སྒང་ནས་རྩ་མེད་གཏོང་རྒྱུའི་དྲིལ་བསྒྲགས་ཐོག་བསྟན་སྲུང་ དང་དམག་མི་རྟ་གོ་ཧྲག་ལྔ་བཅུ་ནས་བརྒྱ་བར་ཆེད་གཉེར་གྱིས་ས་ཁུལ་སོ་སོར་བཏང༌། མི་སེར་ལ་དཀའ་ངལ་མི་འབྱུང་བ་དང་དམག་ཁྲིམས་ཉམས་དམས་སུ་མི་འགྲོ་བར་དོ་དམ་པ་ ཆེད་འཛུགས་དང༌། དགྲ་ཕྱོགས་ནས་སོ་ཉུལ་པ་དང་དཀྲུག་རྐྱེན་པ་བཏང་བར་བཀག་སྡོམ་ཐུབ་ཐབས་སྒོ་ཀུན་ ནས་དམ་ཟབ་ཡོང་བར་ཆེད་གཉེར་པ་བཙུགས། ཆུ་སྒང་དམག་ཁོངས་སུ་བསྐྱོད་ཁུལ་གྱིས་ལམ་བར་མི་སེར་ཐོག་འཕྲོག་བཅོམ་མཁན་མང་ པོ་འཇུ་བཟུང་གིས་གྲི་གུར་ཁྲིད་དེ་ལུས་སྟེང་ཁྲིམས་ལྕག་ཚ་ནན་གཞུས་ཐོག་དམག་ ཁུངས་སོ་སོར་རྩིས་སྤྲད། མི་སེར་ས་ནས་འཕྲོག་པའི་དངོས་པོ་གོང་བཞིན་ཕྱིར་སྤྲོད་ཀྱིས་བསྟན་དགྲ་རྒྱ་དམར་ གྱིས་ཆུ་སྒང་དང་བླངས་དམག་དང་མི་མང་ཁ་བྲལ་གཏོང་བའི་ངན་གཡོ་མཐའ་དག་ཕམ་ཉེས་ བཏང་བ་སོགས་དམ་དོན་རྒྱུན་འཁྱོངས་བྱས་པ་རེད། སྐབས་དེ་དག་ཏུ་གུང་ཁྲན་གྱི་ཞི་བའི་བསླུ་བྲིད་དྲག་པོའི་འཇིགས་ཟིལ་གང་ཅིའི་ ཐོག་ནས་གནོན་ཤུགས་ཅི་ཆེར་སྤྲད་པས་རང་གཞུང་ཆེས་མཐོའི་གནད་ཡོད་མི་སྣ་འགའ་ཞིག་ གིས་ཞེད་སྣང་ངམ་ཐབས་མཁས་ཀྱི་མཛད་པའང་ཡིན་སྲིད་མོད། གང་ལྟར་སྤྱི་ལོ་ ༡༩༥༨ ཟླ་ ༥ ཚེས་ ༣ དང་ཟླ་ ༥ ཚེས་ ༡༨ ཉིན་བཅས་སྔ་ཕྱིར་ཆུ་སྒང་དྲག་པོའི་སྒྲིགས་འཛུགས་ལ་བོད་གཞུང་ནས་འགོག་རྒོལ་ གྱི་བཀའ་རྒྱ་འབྱོར་བར་ཆུ་སྒང་སྤྱི་འདོམས་མགོན་པོ་བཀྲིས་མཆོག་གིས་ཆུ་སྒང་ སྒྲིག་འཛུགས་ཀྱི་རྩ་ཁྲིམས་དང་དམིགས་ཡུལ་གསལ་བཤད་ཀྱི་ཞུ་ཡིག་རིམ་འབུལ་ཞུ་ དགོས་བྱུང་ཞེས་འཁོད་འདུག
དེ་ནས་རིམ་བཞིན་ཁམས་པའི་ཕོ་རྒོད་རྣམས་བུང་བ་ བརྩི་ལ་འཁོར་བ་ལྟར་ཉིན་རེ་བཞིན་ཚ་ཚ་འུར་འུར་ཐོག་ལྷོ་ཁ་གྲི་གུ་ཐང་དུ་འཛོམས་ བཞིན་པ་ཡིན་སྟབས་དམག་ཆས་འདེངས་ངེས་ཤེས་པ་ཞིག་ཡོང་རྒྱུ་ནི་བསྐལ་པའི་ཕར་ཟད་ ཡིན་པ་དང༌། གོ་མཚོན་འཕྲུལ་རིགས་ཕར་བཞག་གྲི་དང་སྟ་རེས་ཀྱང་འདེངས་ངེས་མེད། དེའི་སྔོན་དམག་སྤྱི་ལྷན་ཚོགས་སར་བཀའ་བསྡུར་བྱུང་བ་ལྟར་བོད་གཞུང་གི་གོ་མཛོད་ རྣམས་དགྲ་ལག་ཏུ་མ་ཤོར་སྔོན་ཆུ་སྒང་དམག་སྒར་གྱིས་ལེན་ཐུབ་པ་དགོས་རྒྱུ་ནི་ དུས་ཀྱི་དགོས་མཁོ་ཡིན་སྟབས་ཐོག་མར་ཤང་དགའ་ལྡན་ཆོས་འཁོར་དུ་དམག་མི་ལྔ་བརྒྱར་ འདེངས་ངེས་ཀྱི་རྫས་མདེལ་ཡོད་སྟབས་ ༡༩༥༨ ལོའི་ཟླ་ ༦ ཚེས་ ༢༧ ཉིན་གཙོ་འཛིན་ཨ་འབྲུག་མགོན་པོ་བཀྲིས་ཀྱིས་མི་རྟ་གོ་ཧྲག་ཁག་གཅིག་ཁྲིད་དེ་ལམ་ བར་དུ་དགྲ་འཐབ་གདོང་ལེན་དགོས་རིགས་གཡུལ་ལས་རྒྱལ་བར་བྱས་ཏེ་རིམ་བཞིན་སྣ་ཁ་ དཀརརྩེ་སོགས་བརྒྱུད་དེ་སྙེ་མོ་རྡོ་དཀར་སུམ་མདོའི་ཕྱོགས་སུ་ཕྱིན། སྙེ་མོ་རྡོ་དཀར་སུམ་མདོའི་གཡུལ་འགྱེད་ནི་ཁམས་པ་དང་ཨ་མདོའི་དཔའ་བོ་ཚོས་ཐབས་ མཁས་སྤྱང་གྲུང་འཛོམས་པོའི་ཐོག་ནས་དགྲ་རྒོལ་གདོང་ལེན་མཐིལ་ཕྱིན་པ་བྱས། ས་གནས་དེ་གའི་བོད་མི་ཚོས་རྒྱ་དམག་གི་ཕྱོགས་བྱས་པ་ལྟ་བུ་ལས་ཆུ་སྒང་དཔོན་དམག་ རྣམས་སྣེ་ལེན་མཐུན་འགྱུར་ཚད་ལྡན་མ་བྱུང་ནའང་ཤང་དགའ་ལྡན་ཆོས་འཁོར་དུ་དགོན་ པའི་ལས་སྣེ་ཡོངས་རྫོགས་བོས་ཏེ་བོད་གཞུང་གི་གོ་ལག་མཚོན་ཆ་ཡོངས་རྫོགས་ཆུ་སྒང་ དམག་སྒར་ལ་རྩིས་སྤྲོད་དགོས་པའི་བཀའ་མོལ་ཞུས་སྐབས་དགོན་པའི་དབུ་ལས་ཚང་མས་ཁ་ གཅིག་གྲགས་ཀྱིས་རྩིས་སྤྲོད་མི་དགོས་པ་ཐབས་ཤེས་བྱས་པ་དང༌། དཔོན་དམག་ཕལ་ཆེ་བས་གོ་ལག་མཚོན་ཆ་བཙན་འཕྲོག་བྱ་རྒྱུ་ལས་ཐབས་ཤེས་མེད་པ་སྣང་ ཡང་དམག་སྤྱི་མགོན་པོ་བཀྲིས་ཀྱི་ཐབས་བྱུས་སྣ་ཚོགས་ཀྱིས་དགོན་པར་སྐྱོན་ཆག་མི་ ཤོར་བ་དང༌། གོ་མཚོན་ཇི་ཡོད་ཆུ་སྒང་དམག་སྒར་ལ་རགས་ཐུབ་པ་བྱུང་བ་སོགས་རྒྱ་བློ་བཟང་བཀྲ་ ཤིས་ཀྱང་ཧ་ལས་དགོས་པ་བྱུང༌། གཞུང་ཁྲ་ནང་གསལ་ལྟར་གོ་ལག་མཚོན་ཆའི་རིགས་འགེལ་དྲེལ་ ༡༦༥ དང༌། བསྐྱེལ་འདྲེན་ལག་དོ་ ༡༠ གོ་སྒྲིག་བྱས་ཏེ་རེ་ཞིག་ལྷོ་ཁར་དམག་སྒར་ལྟེ་བར་ཕྱིར་ལོག་བྱ་རྒྱུ་ཡང་དམག་ སྤྱི་མཆོག་གིས་ད་ཆ་ང་ཚོར་མཚོན་ཆ་དང་དམག་དཔུང་དགྲ་རྒོལ་ཐུབ་ངེས་ཤེས་པ་ཞིག་ ཡོད་སྟབས་རྟ་དམག་ཉིས་བརྒྱ་ཙམ་ལས་གཞན་ཁག་བགོས་ཀྱིས་དགྲ་བོར་གཡུལ་འགྱེད་བྱ་ རྒྱུར་མོས་མཐུན་ཡོད་མེད་བལྟས་སྐབས་གོ་བསྡུར་རིམ་པར་གནང་སྟེ་མཐར་ཚང་མའི་བློ་ མཉམ་གྱིས་གོ་ལག་མཚོན་ཆ་དམག་སྒར་ལྟེ་བར་མ་འབྱོར་བར་དགྲ་བོས་ཚུར་དམག་རྒྱབ་ ཡོང་ན་མ་གཏོགས་གནས་སྐབས་དམག་སྒར་དུ་འབྱོར་ཐབས་བྱ་རྒྱུ་ལས་ཕར་རྒོལ་རིགས་མི་ བྱ་རྒྱུའི་ཐག་ཆོད་བྱས་ཀྱང་འོ་ཡུག་འཛོམས་ཐང་དུ་འབྱོར་བ་དང༌།  དཔོན་དམག་རྣམས་སྔར་དང་མི་འདྲ་བའི་སེམས་ཤུགས་ལྷག་པར་འཕེལ་ཏེ་ལམ་སེང་དགྲ་བོར་ ཁ་གཏད་བཅར་རྒྱུའི་དགོངས་པ་བཞེས་ཏེ་བཞུགས་བཞིན་པའི་སྐབས་རྒྱ་དམག་མོ་ཀྲ་ ༡༢  ཐལ་འཚུབ་བྲེལ་ཟིང་ལྟ་བུའི་ཐོག་གཙང་ཕྱོགས་སུ་བསྐྱོད་བཞིན་པར་གཡུལ་འགྱེལ་བྱས་ ཏེ་རྒྱ་དམག་མོ་ཀྲ་རྫས་མདེལ་དང་བཅས་པ་དུ་བས་ནམ་མཁའ་གང་བར་བྱས་ཏེ་མེ་བསྲེག་ བཏང༌། ཡང་བསྐྱར་ལྷ་སའི་ཕྱོགས་ནས་ཐོན་ཡོང་བའི་རྒྱ་དམག་མོ་ཀྲ་གསུམ་གཡུལ་སར་དཔའ་ངར་ ཆེན་པོས་ཐོན་ཡོང་བའི་རྒྱ་དམག ༥༠ མདའ་མཚོན་གྱི་ལམ་ནས་དྲངས་པ་དེ་ཆུ་སྒང་སྒྲིག་འཛུགས་དབུ་བརྙེས་ནས་དགྲ་འཐབ་ ཐེངས་དང་པོ་དེ་གཡུལ་ལས་རྒྱལ་བར་གྱུར། འོན་ཀྱང་རང་དམག་ཁོངས་ནས་མི་ངོ་ནོར་ཏེ་མི་ཁ་ཤས་སྲོག་སྐྱོན་ཤོར། དེ་བཞིན་སྙེ་མོ་སྟག་གྲུའི་ཁའི་གཡུལ་འགྱེད་དང༌། བཀར་ཁང་རི་བརྒྱུད་ཀྱི་གཡུལ་འགྱེད། ཡངས་པ་ཅན་གྱི་གཡུལ་འགྱེད། འདམ་གཞུང་ལམ་ཁའི་གཡུལ་འགྱེད། འབྲི་གུང་མཁར་སྒང་ལའི་གཡུལ་འགྱེད། རྨ་གཞུང་གཡུལ་འགྱེད། ཨུ་ཕུའི་གཡུལ་འགྱེད། ཨ་རྩ་མཚོ་འགྲམ་གྱི་གཡུལ་འགྱེད། རྨེ་ཆུ་ཁའི་གཡུལ་འགྱེད། རྨེ་གཞུང་བྱང་ཐང་གི་གཡུལ་འགྱེད། སྤོ་བོ་བཀྲ་མོག་གི་གཡུལ་འགྱེད། རོང་པོ་ཁུལ་གྱི་གཡུལ་འགྱེད། ཚ་བ་དཔའ་ཤོད་རྫོང་ནས་གོ་ལག་ལེན་ཕྱོགས་བཅས་ཆུ་སྒང་ལོ་རྒྱུས་དེབ་ཕྲེང་དང་པོ་ ལས་ཤེས་པར་གྱིས།