མདོ་ཁམས་ཆུ་བཞི་སྒང་དྲུག་བསྟན་སྲུང་དཱང་བླངས་དམག་གི་སྒྲིག་འཛུགས་དབུ་བརྙེས་ནས་ལོ་ངོ་ ༦༡ དང་ཡུ་རོབ་སུད་སི་ས་གནས་ཆུ་སྒང་དབུ་བརྙེས་ནས་མི་ལོ་ཧྲིལ་བོ་ ༤༠ འཁོར་བའི་དུས་དྲན།

༄༅།། མདོ་ཁམས་ཆུ་བཞི་སྒང་དྲུག་བསྟན་སྲུང་དཱང་བླངས་དམག་གི་སྒྲིག་འཛུགས་དབུ་བརྙེས་ནས་ལོ་ངོ་ ༦༡ དང་ཡུ་རོབ་སུད་སི་ས་གནས་ཆུ་སྒང་དབུ་བརྙེས་ནས་མི་ལོ་ཧྲིལ་བོ་ ༤༠ འཁོར་བའི་དུས་དྲན་མཛད་སྒོ་དང་བསང་གསོལ་ཟབ་རྒྱས་འཚོགས་གནང་ཡོད་པ་རེད།མདོ་ཁམས་ཆུ་བཞི་སྒང་དྲུག་བསྟན་སྲུང་དང་བླངས་དམག་གི་སྒྲིག་འཛུགས་འདི་ཉིད་ཕྱི་ལོ་ ༡༩༥༨ ཟླ་བ་ ༦ ཚེས་ ༡༦ ཉིན་ཛ་སག་དམག་སྤྱི་ཨ་འབྲུག་མགོན་པོ་བཀྲ་ཤིས་མཆོག་གིས་དབུ་ཁྲིད་དེ་བོད་ཀྱི་རྒྱལ་ས་ལྷ་སའི་ལྷོ་ཁུལ་ལྕགས་ཚ་གྲི་གུ་ཐང་དུ་བཙན་རྒོལ་རྒྱལ་སྐྱོབས་ཆེད་དབུ་བརྙེས་ཡོད་ལ།

དེ་ནས་བཟུང་ཆུ་སྒང་གི་དཔའ་རྒོད་སྟོང་ཚོ་མང་པོའི་ཚེ་སྲོག་བོད་རྒྱལ་ཁབ་དང་བསྟན་སྲིད་མི་རིགས་དང་བཅས་ཀྱིས་ཆེད་དུ་ཤོར་ཡོད་བའི་བཀའ་དྲིན་དྲན་གསོའི་ཆེད་ལོ་ལྟར་གོང་ཚེས་ཉིན་མདོ་ཁམས་ཆུ་བཞི་སྒང་དྲུག་གི་དབུས་ས་གཉིས་ཀྱི་ངོས་ནས་འཛམ་གླིང་ཁྱོན་ཡོངས་ནས་རྒྱལ་སྤྱིའི་རང་བཞིན་ཅན་གྱི་དུས་དྲན་སྲུང་བརྩི་ཟབ་རྒྱས་ཞུ་བཞིན་ཡོད་པར་སོང་། འདུ་གར་ཡུ་རོབ་སུད་སི་ས་གནས་ཆུ་སྒང་སྐབས་བཅུ་བཞི་པའི་རྒྱུན་ལས་ནས་གོ་སྒྲོག་འོག་ཕྱི་ལོ་ ༢༠༡༩ ཟླ་ ༦ ཚེས་ ༢༢ རེ་གཟའ་སྤེན་པའི་ཉིན་སྔ་དྲོ་ཆུ་ཚོད་ ༠༩་དང་རྐར་མ་ ༣༠ ཐོག་མདོ་ཁམས་ཆུ་བཞི་སྒང་དྲུག་བསྟན་སྲུང་དང་བླངས་དམག་གི་སྒྲིག་འཛུགས་དབུ་བརྙེས་ནས་མི་ལོ་ཧྲིལ་པོ་ ༦༡ འཁོར་བའི་དུས་དྲན་དང་ཡུ་རོབ་སུད་སི་ས་གནས་ཆུ་སྒང་དབུ་བརྙེས་ནས་མི་ལོ་ཧྲིལ་བོ་ ༤༠ འཁོར་བའི་དུས་དྲན་སྲུང་བརྩི་ཟབ་རྒྱས་ངང་རི་ཀོན་ཆོས་འཁོར་དགོན་དུ་ཚོགས་གནང་སོང་།མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་རང་གཞུང་བཀའ་ཤག་གིས་སྐུ་ཚབ་དོན་གཅོད་སྐུ་ངོ་འཆི་མེད་རིག་འཛིན་མཆོག་དང་ཡུ་རོབ་སྤྱི་འཐུས་སྐུ་ངོ་ཟམ་མདོ་བྱམས་པ་ཚེ་རིང་ལགས་དང་། བོད་རིགས་མི་མང་ཚོགས་གཙོ་མཚམས་མདའ་ནོར་བུ་སོགས་གནད་ཡོད་མི་སྣ་དང་། ས་གནས་བོད་མི་ ༡༥༠ ལྷག་མཉམ་འཛོམས་གནང་ཡོད་པ་དང་།རི་ཀོན་ཆོས་འཁོར་དགོན་ཀྱི་འགེ་འདུན་རྣམས་པའི་དབུ་མཛེད་པའི་ཐོག་སྐུ་མགྲོན་རྣམས་པ་དང་མི་མང་ཡོངས་ནས་༧ གོང་ས་༧སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་དགུང་ཀེག་གི་མཚན་མ་ཅི་མཆིས་མྱུར་བ་མྱུར་དུ་ཞི་ནས་བདག་སོགས་མཁའ་ཁྱབ་མ་རྒན་སེམས་ཅན་ཐམས་ཅད་ཀྱི་མགོན་དཔུང་དམ་པ་རུ་སྐུ་ཚེ་མི་གཤེགས་བསྐལ་བརྒྱར་བརྟན་ཅིང་རླབས་ཆེན་ཐུགས་ཀྱི་བཞེད་དགོངས་མཐའ་དག་འབད་མེད་ལྷུན་གྱིས་འགྲུབ་པ་སོགས་ཀྱི་ཆེད་དང་། རྒྱལ་རྒྱལ་གཅེས་དཔའ་བོ་ཛ་སག་ཨ་འབྲུག་མགོན་པོ་བཀྲ་ཤིས་མཆོག་གིས་གཙོས་བོད་རྒྱལ་ཁབ་ཆེན་པོའི་རྩ་དོན་ཆེད་དུ་རང་གི་ལུས་སྲོག་ལོང་སྤྱོད་དང་བཅས་པ་ཀློད་བཏང་གནང་མཁན་འདས་གསོན་ཡོངས་ཀྱི་ཆེད་བླ་མ་མཆོད་པའི་ཚོགས་འབུལ་གནང་སོད།སྐབས་དེར་རི་ཀོན་ཆོས་འཁོར་དགོན་པའི་མཁན་རིན་པོ་ཆེ་དགེ་བཤེས་ཐུབ་བསྟན་ལེགས་སྨོན་མཆོག་ནས་དུས་ཆེན་དང་འབྲེལ་བའི་གསུང་བཤད་གནང་རྗེས་སུ། ཡུ་རོབ་སུད་སི་ས་གནས་ཆུ་སྒང་ཚོགས་གཙོ་གདུགས་རྩ་ཚང་འོད་ཟེར་ནས་མདོ་ཁམས་ཆུ་བཞི་སྒང་དྲུག་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གིས་ཡོངས་ཁྱབ་གསུང་འཕྲིན་སྒྲོགས་སྦྱང་དང་དུས་ཆེན་དང་འབྲེལ་བའི་གསུང་བཤད་གནང་མཐར་སུད་སི་དོན་གཅོད་འཆི་མེད་རིག་འཛིན་མཆོག་དང་བོད་རིགས་མི་མང་ཚོགས་གཙོ་མཚམས་མདའ་བོར་བུ་རྣམས་གཉིས་ནས་གཅིག་རྗེས་གཉིས་མཐུད་ངང་དུས་ཆེན་དང་འབྲེལ་བའི་གསུང་བཤད་ཟབ་རྒྱས་གནང་སོང་ལ། དེ་བཞིན་ཡུ་རོབ་དང་ལྷོ་ཕི་རི་ཀའི་ཁུལ་གྱི་སྤྱི་འཐུས་ཟམ་མདོ་བྱམས་པ་ཚེ་རིང་ལགས་ནས་མདོ་ཁམས་ཆུ་བཞི་སྒང་དྲུག་བསྟན་སྲུང་དཱངས་བླངས་དམག་གི་སྒྲིག་འཛུགས་དབུ་བརྙེས་ནས་མི་ལོ་ཧྲིལ་པོ་ ༦༡འཁོར་བའི་དམིགས་བསལ་དུས་དྲན་སྲུང་བརྩིའི་མཛད་སྒོའི་ཐོག་དཔལ་ལྡན་བོད་མི་མང་སྤྱི་མཐུས་ལྷན་ཚོགས་ཀྱི་གསུང་འཕྲིན་སྒྲོག་སྦྱང་དང་དུས་ཆེན་དང་འབྲེལ་བའི་གསུང་བཤད་གནང་མཐར། ཡུ་རོབ་སུད་སི་ས་གནས་ཆུ་སྒང་ཚོགས་གཞོན་མཛལ་མོ་ཚང་བློ་བཟང་ཐོག་མེད་མཆོག་ནས་ཐུགས་རྗེ་ལེགས་གསོན་གྱི་གསུང་བཤད་གནང་སོང་ལ།མ་ཚད་དགོན་པའི་མཆམ་རའི་ནང་དུ་དགེ་འདུན་པ་རྣམས་པའི་དབུ་སྐུ་མགྲོན་རྣམས་པ་དང་ཚོགས་བཅར་བ་ཡོང་སྐུ་བཞེངས་ཐོག་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བཏང་ནས་རྒྱལ་གཅེས་དཔའ་བོ་ཛ་སག་ཨ་འབྲུག་མགོན་པོ་བཀྲ་ཤིས་མཆོག་གིས་གཙོས་བོད་རྒྱལ་ཁབ་ཆེན་པོའི་རྩ་དོན་ཆེད་དུ་རང་གི་ལུས་སྲོག་ལོང་སྤྱོད་དང་བཅས་པ་ཀློད་བཏང་གནང་མཁན་འདས་གསོན་ཡོངས་ཀྱི་ཆེད་མྱ་ངན་ངག་བཅད་རྐར་མ་ཅིག་གནང་ནས་བོད་སྐྱོང་ལྷ་སྲུང་རྣམས་ལ་གསང་གསོལ་དང་གསེར་སྐྱེམས་མཆོད་ནས་ཀི་བསོ་ལྷ་རྒྱལ་བཅས་ཉིན་འདིའི་མཛད་སྒོ་རྒྱལ་ཁའི་ངང་ལེགས་འགྲུབ་བྱུང་ཡོད།གསར་འགོད་པ། མཁར་འཕགས་ནས།