སུད་སི་ས་གནས་ནས་ཆུ་སྒང་དབུ་བརྙེས་ནས་ལོ་༦༠ འཁོར་བའི་དུས་དྲན་སྲུང་བརྩི་ཞུས་ཡོད།

༢༠༡༨ ཟླ་བ་ ༡༠ ཚེས ༢༠ དུས་ཚོད ༤:༢༡ ཕྱི་དྲོ།

ཕྱི་ལོ་ ༢༠༡༨ ཟླ་ ༡༠ ཚེས་ ༡༣ ཉིན་ཡུ་རོབ་སུད་སི་ས་གནས་མདོ་ཁམས་ཆུ་བཞི་སྒང་དྲུག་ས་གནས་རྒྱུན་ལས་ཀྱི་གོ་སྒྲིག་འོག་མདོ་ཁམས་ཆུ་བཞི་སྒང་དྲུག་བསྟན་སྲུང་དང་བླངས་དམག་གི་སྒྲིག་འཛུགས་དབུ་བརྙེས་ནས་མི་ལོ་ཧྲིལ་པོ་ ༦༠ འཁོར་བའི་དུས་ཆེན་དང་ཡུ་རོབ་སུད་སི་ས་གནས་ཆུ་སྒང་ཚོགས་པ་དབུ་བརྙེས་ནས་ལོ་ངོ་ ༣༩ འཁོར་བའི་དུས་ཆེན། ལྷག་པར་དུ་སྤྱི་ནོར་ ༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ཨ་རིའི་གསེར་གྱི་གཟེངས་རྟགས་འབུལ་བཞེས་གནང་ནས་མི་ལོ་ ༡༡ འཁོར་བའི་དུས་ཆེན་སུམ་འཛོམས་ཀྱི་མཛད་སྒོ་སྲུང་བརྩི་ཟབ་རྒྱས་ཞུས་གནང་ཡོད་པ་དང་།

 མཛད་སྒོའི་ཐོག་གནས་ཡུལ་སུད་སི་རྒྱལ་ཁབ་ཀྱི་ས་གནས་འབྲེལ་ཡོད་དཔོན་རིགས་རྣམ་པ་དང་ཡུ་རོབ་སུད་སི་བོད་མི་མང་ཕྱོགས་བཞུགས་སྤྱི་འཐུས་མཆོག་གི་དབུས་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་མཛད་གཙོ་རྣམ་པ། ཆོལ་གསུམ་སེར་སྐྱ་མི་མང་ཕོན་ཆེན་བཅས་མཉམ་ཞུགས་གནང་ཡོད་པ་རེད། ཐེངས་འདུའི་དུས་ཆེན་གསུམ་འཛོམས་ཀྱི་མཛད་སྒོའི་ཐོག་སྐུ་མགྲོན་རྣམ་པས་དུས་ཆེན་དང་དུས་དྲན་ཁག་དང་འབྲེལ་བའི་གཏམ་བཤད་རིམ་པས་གནང་ཡོད་པ་མ་ཟད། རང་གཞུང་བོད་མིའི་སྒྲིག་འཛུགས་ཀྱིས་ལམ་སྟོན་གནང་གསལ་ལྟར་གནས་ཡུལ་སུད་སི་གཞུང་མང་ལ་ཐུགས་རྗེ་ཆེ་ཞུས་མཛད་རིམ་བཅས་ལེགས་པར་གྲུབ་རྗེས།  བོད་ཀྱི་རིག་གཞུང་སྤྱི་དང་བྱེ་བྲག་ཁམས་པའི་ཡུལ་ལུང་ཁག་གི་རིག་གཞུང་འཁྲབ་སྟོན་དང་འབྲེལ་བའི་གཞས་སྣ་གཟིགས་འབུལ་སོགས་ཀྱི་ལས་རིམ་ཁག་ཧ་ཅང་ལམ་ལྷོངས་ཚགས་ཚུད་དང་ཁ་དགེ་བཀྲ་ཤིས་བྱུང་ཡོད་པ་རེད་འདུག