མི་རྗེ་ས་ཡི་ཚངས་པ་དཔལ་ལྡན་སྲིད་སྐྱོང་མཁས་དབང་བློ་བཟང་སེང་གེ་མཆོག་གིས་དབུས་པའི་བཀའ་ཤག་ལྷན་རྒྱས་ལ་མདོ་ཁམས་ཆུ་བཞི་སྒང་དྲུག་ནས་བཀའ་དྲིན་རྗེས་དྲན།

ཕྱི་ལོ་ ༢༠༢༡ ཟླ་བ་ ༥ ཚེས་ ༢༡ ཉིན། མི་རྗེ་ས་ཡི་ཚངས་པ་དཔལ་ལྡན་སྲིད་སྐྱོང་མཁས་དབང་བློ་བཟང་སེང་གེ་མཆོག་གིས་དབུས་པའི་བཀའ་ཤག་ལྷན་རྒྱས་ལ་མདོ་ཁམས་ཆུ་བཞི་སྒང་དྲུག་ནས་བཀའ་དྲིན་རྗེས་དྲན་གྱི་གཟེངས་བསྟོད་ཕུལ་བའི་མཛད་སྒོ་སྟབས་བདེ་ཞིག་འཚོགས་གནང་ཡོད། སྐབས་དེར་ནད་ཡམས་དབང་གིས་ཆུ་སྒང་ཚོགས་གཙོ་དང་དྲུང་ཆེ་སོགས་བཅར་ཐབས་མ་བྱུང་ནའང་། རྡ་སའི་ཁུལ་དུ་བཞུགས་པའི་ཆུ་སྒང་དྲུང་གཞོན་མ་སངས་རིན་ཆེན་དར་རྒྱས་ལགས་དང་། དབུས་དབུས་ཡན་ལག་འགན་འཛིན་ཕུར་བུ་ཚེ་རིང་ལགས། མཐུན་སྒྲིལ་འགན་འཛིན་པདྨ་གྲུབ་དབང་ལགས། རྡ་ས་ས་གནས་ཆུ་སྒང་ཚོགས་གཙོ་ཚེ་རིང་རྣམ་རྒྱལ་ལགས་བཅས་བཅར་གནང་སྟེ། དཔལ་ལྡན་སྲིད་སྐྱོང་མཆོག་དབུས་པའི་བཀའ་ཡི་བློན་ཆེན་རྣམས་ལ་བཀའ་དྲིན་རྗེས་དྲན་གྱི་གཟེངས་བསྟོད་ཕུལ་བ་དང་། མཛད་འཕྲིན་གོང་འཕེལ་ཡོང་བའི་སྨོན་འདུན་ཞུས་ཡོད་པ་བཅས། མདོ་ཁམས་ཆུ་བཞི་སྒང་དྲུག་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ནས་ཕྱི་ལོ་ ༢༠༢༡ ཟླ་བ་ ༥ ཚེས་ ༢༧ ལ

མི་རྗེ་ས་ཡི་ཚངས་པ་དཔལ་ལྡན་སྲིད་སྐྱོང་མཁས་དབང་བློ་བཟང་སེང་གེ་མཆོག་གིས་དབུས་པའི་སྐབས་ ༡༥ པའི་བཀའ་ཤག་ལྷན་རྒྱས་ལས་འཁྱུར་གྱི་སྐབས་སུ་མདོ་ཁམས་ཆུ་བཞི་སྒང་དྲུག་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ནས་བཀའ་དྲིན་རྗེས་དྲན་ཞུ་རྒྱུ་ཡིན།ཕྱི་ལོ་ ༢༠༡༡ ཟླ་བ་ ༨ ཚེས་ ༨ ནས་ཕྱི་ལོ་ ༢༠༢༡ ཟླ་བ་ ༥ ཚེས་ ༢༦ བར་མི་ལོ་ ༡༠ རིང༌། དཔལ་ལྡན་སྲིད་སྐྱོང་འབུམ་རམས་པ་བློ་བཟང་སེང་གེ་མཆོག་གིས་དབུས་པའི་སྐབས་ ༡༤ པའི་བཀའ་ཤག་དང༌། སྐབས་ ༡༥ པའི་བཀའ་ཤག་གཉིས་ཀྱིས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་མཛད་འགན་བཞེས་གནང་སྟེ། ཤིན་ཏུ་ཉག་ཕྲ་བའི་བོད་བསྟན་སྲིད་མི་རིགས་ཀྱི་དོན་དུ་ལྷག་བསམ་ཟོལ་མེད་ཀྱི་ནུས་པ་གཅིག་ཏུ་སྤུངས་པ་མ་ཟད། ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་ཡང་དག་པའི་ལམ་སྟོན་ལས་མ་བརྒལ་བར་བཀའ་ཤག་གི་གཞི་རྩའི་ལྟ་གྲུབ་ཆིག་སྒྲིལ་དང་། གསར་གཏོད། རང་ཁ་རང་གསོ་གསུམ་པོར་བཀའ་རྟགས་ཀྱི་ཕྱག་རྒྱར་གཏན་ལ་ཕབ་ཅིང༌། རྨང་གཞིའི་གྲུབ་མཐའ་དེ་ཉིད་ཀྱི་ཐོག་ཏུ་བཅའ་ཁྲིམས་རིན་པོ་ཆེའི་དགོངས་དོན་སྤྱི་དང་། ཁྱད་པར་གཞུང་གི་རྩ་བའི་བྱེད་སྒོ་ལམ་སྟོན་དུ་གསལ་བ་རྣམས་དང་། རྩ་འཛིན་འོས་པའམ་ཡང་དག་པའི་ལམ་ལུགས་རྣམས་གྲ་མ་ཆག་ཟུར་མ་ཉམས་པའི་ངང་ནས་རླབས་ཆེན་གྱི་ཕྱག་ལས་གནང་མཛད་པར་བཀའ་དྲིན་རྗེས་དྲན་ཞུ་རྒྱུ་དང་།

ཆོས་རིག་དང༌། ཤེས་ཡོན། ནང་སྲིད། འཕྲོད་བསྟེན། བདེ་སྲུང༌། ཕྱི་འབྲེལ་བཅས་བོད་མིའི་མངོན་འདོད་དང་མཐུན་ཞིང༌། སྲོལ་རྒྱུན་གྱི་གནས་བབ་ལས་ཉམས་ཆག་མ་སོང་བར། སྐབས་བབ་ཀྱི་དགོས་མཁོ་དང་འཚམས་པའི་ཕྱག་ལས་རིམ་པར་གནང་བ་རྣམས་ཀྱང་ཞི་བདེ་དང་། བརྟན་ལྷིང་། ཆ་སྙོམས་ཀྱི་ངང་ནས་མང་གཙོའི་སྟོབས་ཤུགས་འཕུར་མཆོང་ལྟ་བུའི་གོང་འཕེལ་བཏང་གནང་ཡོད་ལ། འཛམ་གླིང་རྒྱལ་སྤྱིའི་སྡིང་ཆ་ཁག་ལ་བོད་བདེན་པའི་འཐབ་རྩོད་ཀྱི་ནུས་པ་ཆེས་ཆེར་ཐོན་པ་མ་ཟད། བོད་ཀྱི་གྲོགས་པོ་དང༌། བོད་དོན་འཐབ་རྩོད་ལ་རྒྱབ་སྐྱོར་གཞོགས་འདེགས་གནང་མཁན་རྣམས་དང་མཐུན་ལམ་གཟོང་ཁ་གཅིག་སྒྲིལ་གྱི་སྟོབས་ཤུགས་སྔར་ལྷག་བསྐྲུན་མཛད་པ། དེ་བཞིན་ན་གཞོན་རྣམས་བོད་མི་རང་གི་ངོ་བོར་གསོ་སྐྱོང་དང་། བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་བཟང་སྤྱོད་མཐོར་འདེགས། བོད་མི་མཉམ་སྡོད་ཀྱི་གཞིས་ཆགས་སྲ་བརྟན། བྱིངས་ན་གནས་པའི་བོད་འབྱོར་རིགས་ལ་མཐུན་རྐྱེན་བཟང་བསྐྲུན། བོད་གངས་ཅན་གྱི་ཤེས་རིག་ཆུ་རྒྱུན་དར་སྤེལ། གཞིས་བྱེས་བོད་མིའི་དབར་ལ་ནང་འབྲེལ་གསེར་གྱི་སྐུད་པ་གཏུག་གནས་རྒྱུན་བསྲིངས། དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་ཆེ་ཕྲ་ཡོངས་རྫོགས་ཚགས་ཚུད་ཚད་ལྡན་གྱི་ལམ་ནས་ཁྲིམས་མཐུན་གྱི་ངོ་བོར་རྒྱུན་གནས་འཛིན་སྐྱོང་བཅས་གཟེངས་སུ་ཐོན་པའི་ཕྱག་ལས་གནང་བར་བཀའ་དྲིན་རྗེས་དྲན་ཞུ་རྒྱུ་དང་།སྐབས་ ༡༥ པའི་བཀའ་བློན་རྣམས་ཀྱིས་ཀྱང་འགྱུར་བ་མེད་པའི་ཆོད་སེམས་དང༌། དྲི་མ་མེད་པའི་གཞུང་སེམས་བརྟན་པོའི་སྒོ་ནས་དཔལ་ལྡན་སྲིད་སྐྱོང་མཆོག་དང་ལྷན་དུ་བོད་མི་རིགས་དང་རྒྱལ་བསྟན་ཆབ་སྲིད་བཅས་ཀྱི་ཆེད་དུ་ཐུགས་སེམས་འོ་མའི་རྒྱ་མཚོ་གཅིག་ཏུ་འཁྱིལ་བའི་ངང་ནས་རང་འཁྲིའི་ཕྱག་ལས་ཁག་ལ་འཐུས་ཤོར་ཕྲ་མོ་ཙམ་ཡང་མེད་པར་ཉིན་མཚན་དབྱེར་མེད་ཀྱིས་སྐུ་ལས་ཚད་མེད་བསྐྱོན་གནང་མཛད་པ་ལ། འདི་ནས་མདོ་ཁམས་ཆུ་བཞི་སྒང་དྲུག་གི་མངའ་རིས་སུ་གཏོགས་པའི་མདོ་སྟོད་མགོ་ནག་མིའི་ཆོལ་ཁའི་གཞིས་བྱེས་མི་མང་ཡོངས་ཀྱི་ཚབ་ཞུས་ཏེ། དྲིན་བྱས་དྲིན་ཚོར་གྱིས་བཀའ་དྲིན་རྗེས་དྲན་ཞུ་རྒྱུ་ཡིན་ལ། དེ་དང་ཆབ་གཅིག་ཏུ་ལེགས་གསོལ་བསྔགས་བརྗོད་ཀྱི་ཚུལ་དུ་མི་རྗེ་མཁས་དབང་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ལ་རྒྱལ་ཀུན་མཁྱེན་རབ་གཅིག་ཏུ་འདུས་པའི་རང་གཟུགས་འཕགས་པ་འཇམ་དཔལ་དབྱངས་ཀྱི་སྐུ་གསེར་ཟངས་ལས་གྲུབ་པ་སྤུས་ལེགས་ཤིག་དང་། བཀའ་དྲིན་རྗེས་དྲན་གྱི་གཟེངས་བསྟོད་ཕྱག་འཁྱེར། དཔལ་ལྡན་བཀའ་བློན་རྣམ་པ་ལ་ཐང་སྐུ་སྤུས་ལེགས་རེ་རེ་བཅས་ཕུལ་སྟེ། སྙིང་ཁོངས་རུས་པའི་གཏིང་ནས་བཀའ་དྲིན་ཆེ་ཞུ་རྒྱུ་དང༌། མི་རྗེ་སྲིད་སྐྱོང་མཆོག་དང་བཀའ་ཡི་བློན་ཆེན་རྣམས་སྐུ་གཟུགས་གསལ་ཐང་དང་མཛད་འཕྲིན་གོང་འཕེལ་ཡོང་བའི་སྨོན་འདུན་ཤུགས་དྲག་བཅས།མདོ་ཁམས་ཆུ་བཞི་སྒང་དྲུག་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ནས་ཕྱི་ལོ་ ༢༠༢༡ ཟླ་བ་ ༥ ཚེས་ ༢༡ ལ།