མདོ་ཁམས་ཆུ་བཞི་སྒང་དྲུག་བསྟན་སྲུང་དཱངས་བླངས་དམག་གི་སྒྲིག་འཛུགས་དབུ་བརྙེས་ནས་མི་ལོ་ཧྲིལ་པོ་ ༦༣དང་ཡུ་རོབ་སུད་སི་ས་གནས་མདོ་ཁམས་ཆུ་བཞི་སྒང་དྲུག་བཙུགས་ནས་ལོ་ངོ་ ༤༢ འཁོར་བའི་དུས་དྲན།

མདོ་ཁམས་ཆུ་བཞི་སྒང་དྲུག་བསྟན་སྲུང་དང་བླངས་དམག་གི་སྒྲིག་འཛུགས་འདི་ཉིད་ཕྱི་ལོ་ ༡༩༥༨ ཟླ་བ ༦ ཚེས་ ༡༦ ཉིན་ཛ་སག་དམག་སྤྱི་ཨ་འབྲུག་
མགོན་པོ་བཀྲ་ཤིས་མཆོག་གིས་དབུ་ཁྲིད་དེ་བོད་ཀྱི་རྒྱལ་ས་ལྷ་སའི་ལྷོ་ཁུལ་ལྕགས་ཚ་གྲི་གུ་ཐང་དུ་དབུ་བརྙེས་ཡོད་ལ།

དེ་ནས་བཟུང་ཆུ་སྒང་གི་དཔའ་རྒོད་སྟོང་ཚོ་མང་པོའི་ཚེ་སྲོག་བོད་རྒྱལ་ཁབ་དང་བསྟན་སྲིད་མི་རིགས་བཅས་ཀྱིས་ཆེད་དུ་ཤོར་ཡོད་བའི་བཀའ་དྲིན་དྲན་གསོའི་ཆེ་དུ་ལོ་ལྟར་གོང་ཚེས་ཉིན་མདོ་ཁམས་ཆུ་བཞི་སྒང་དྲུག་གི་དབུས་ས་གཉིས་ཀྱི་ངོས་ནས་འཛམ་གླིང་ཁྱོན་ཡོངས་ནས་རྒྱལ་སྤྱིའི་རང་བཞིན་ཅན་གྱི་དུས་དྲན་སྲུང་བརྩི་ཟབརྒྱས་ཞུ་བཞིན་ཡོད་པར་སོང་། འདུ་གར་ཡུ་རོབ་སུད་སི་ས་གནས་ཆུ་སྒང་སྐབས་བཅུ་བཞི་པའི་རྒྱུན་ལས་ནས་གོ་སྒྲོགའོགཕྱི་ལོ་ ༢༠༢༡ ཟླ་ ༠༦ ཚེས་༡༢ རེས་གཟའ་སྤེན་པའི་སྔ་དྲོ་ཆུ་ཚོད་༩ པ་ནས་ཉིན་རྒྱབ་ཆུ་ཚོད་༣ པའི་བར་རི་ཀོན་ཆོས་འཁོར་དགོན་དུ་མདོ་ཁམས་ཆུ་བཞི་སྒང་དྲུག་བསྟན་སྲུང་དང་བླངས་དམག་གི་སྒྲིག་འཛུགས་དབུ་བརྙེས་ནས་མི་ལོ་ཧྲིལ་པོ་ ༦༣ འཁོར་བའི་དུས་དྲན་དང་ཡུ་རོབ་སུད་སི་ས་གནས་ཆུ་སྒང་དབུ་བརྙེས་ནས་མི་ལོ ༤༢ འཁོར་བའི་དུས་དྲན་མཛད་སྒོ་ཟབ་རྒྱས་འཚོགས་གནང་ཡོད་པ་རེད། 

མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་སྐུ་ཚབ་དོན་གཅོད་སྐུ་ངོ་འཆི་མེད་རིག་འཛིན་མཆོག་གི་སྐུ་ཚབ་བསོད་ནམས་ཐར་ཕྱིན་དང་སྤྱི་ཟུར་སྐུ་ངོ་ཟམ་མདོ་བྱམས་པ་ཚེ་རིང་ལགས་གཞན་སྤྱི་ཟུར་ཁག་གཅིག་དང་བོད་རིགས་མི་མང་ཚོགས་གཙོ་ཀརྨ་ཆོས་སྐྱིད་ཡོ་རོབ་བོད་རིགས་གཞོན་ནུའི་མཐུན་ཚོགས་ཀྱི་ཚོགས་གཙོ་སུད་སི་བོད་ཀྱི་བུད་མེད་ཚོགས་པའི་ཚོགས་གཙོ་སོགས་གནད་ཡོད་མི་སྣ་དང་། ས་གནས་བོད་མི་ ༡༠༠ ལྷག་མཉམ་འཛོམས་གནང་ཡོད་པ་དང་། རི་ཀོན་ཆོས་འཁོར་དགོན་ཀྱི་འགེ་འདུན་རྣམས་པའི་དབུ་མཛེད་པའི་ཐོག་སྐུ་མགྲོན་རྣམས་པ་དང་མི་མང་ཡོངས་ནས་༧ལྷར་བཅས་སྲིད་ཞིའི་གཙུག་རྒྱན། འཇིག་རྟེན་ཞི་བདེའི་དེད་དཔོན། ཁམས་གསུམ་ཆོས་ཀྱི་རྒྱལ་པོ། ས་སྟེང་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག དགོས་པ་དང་དོན་གྱི་སླད་དུ་མཚན་སྨོས་ན། ྋརྗེ་བཙུན་འཇམ་དཔལ་ངག་དབང་བློ་བཟང་ཡེ་ཤེས་བསྟན་འཛིན་རྒྱ་མཚོ་སྲིད་གསུམ་དབང་བསྒྱུར་མཚུངས་པ་མེད་པའི་སྡེ་དཔལ་བཟང་པོ་མཆོག་གི་ཞབས་བརྟན་དང་། བོད་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་གཅེས་པའི་ཚེ་སྲོག་ཕངས་མེད་དུ་འདོར་ཕོད་པའི་རྒྱལ་གཅེས་དཔའ་བོ་ཛ་སག་ཨ་འབྲུག་མགོ་པོ་བཀྲ་ཤིས་གཙོས་འདས་གསོན་ཡོངས་ཀྱི་ཆེད་དུ་བླ་མ་མཆོད་པའི་ཚོགས་མཆོད་སྨོན་དང་གནང་ཡོད་པ་དང་། རི་ཀོན་ཆོས་འཁོར་དགོན་པའི་མཁན་རིན་པོ་ཆེ་དགེ་བཤེས་ཐུབ་བསྟན་ལེགས་སྨོན་མཆོག་ནས་དུས་ཆེན་དང་འབྲེལ་བའི་གསུང་བཤད་གནང་རྗེས། ཡུ་རོབ་སུད་སི་ས་གནས་ཆུ་སྒང་ཚོགས་གཙོ་གདུགས་རྩ་ཚང་འོད་ཟེར་ནས་མདོ་ཁམས་ཆུ་བཞི་སྒང་དྲུག་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གིས་ཡོངས་ཁྱབ་གསུང་འཕྲིན་སྒྲོགས་སྦྱང་དང་དུས་ཆེན་དང་འབྲེལ་བའི་གསུང་བཤད་གནང་མཐརབོད་རིགས་མི་མང་ཚོགས་གཙོ་ཀརྨ་ཆོས་སྐྱིད་དང་སྐུ་ཚབ་དོན་གཅོད་སྐུ་ངོ་འཆི་མེད་རིག་འཛིན་མཆོག་གི་སྐུ་ཚབ་བསོད་ནམས་ཐར་ཕྱིན་རྣམས་གཉིས་ནས་གཅིག་རྗེས་གཉིས་མཐུད་ངང་དུས་ཆེན་དང་འབྲེལ་བའི་གསུང་བཤད་ཟབ་རྒྱས་གནང་གནང་མཐར། དགོན་པའི་མཆམ་རའི་ནང་དུ་དགེ་འདུན་པ་རྣམས་པའི་དབུ་སྐུ་མགྲོན་རྣམས་པ་དང་ཚོགས་བཅར་བ་ཡོང་སྐུ་བཞེངས་ཐོག་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བཏང་ནས་རྒྱལ་གཅེས་དཔའ་བོ་ཛ་སག་ཨ་འབྲུག་མགོན་པོ་བཀྲ་ཤིས་མཆོག་གིས་གཙོས་བོད་རྒྱལ་ཁབ་ཆེན་པོའི་རྩ་དོན་ཆེད་དུ་རང་གི་ལུས་སྲོག་ལོང་སྤྱོད་དང་བཅས་པ་ཀློད་བཏང་གནང་མཁན་འདས་གསོན་ཡོངས་ཀྱི་ཆེད་མྱ་ངན་ངག་བཅད་རྐར་མ་ཅིག་གནང་ནས་བོད་སྐྱོང་ལྷ་སྲུང་རྣམས་ལ་གསང་གསོལ་དང་གསེར་སྐྱེམས་མཆོད་ནས་ཀི་བསོ་ལྷ་རྒྱལ་བཅས་ཉིན་འདིའི་མཛད་སྒོ་རྒྱལ་ཁའི་ངང་ལེགས་འགྲུབ་བྱུང་སོང་།

༄༅།།མདོ་ཁམས་ཆུ་མས་ཆུ་བཞི་སྒང་དྲུག་བསྟན་སྲུང་དང་བླངས་དམག་གི་སྒྲིག་འཛུགས་དབུ་བརྙེས་ནས་མི་ལོ་ཧྲིལ་༦༣ འཁོར་བའི་ཡོངས་ཁྱབ་གསུང་འཕྲིན།

༄༅། །བོད་རྒྱལ་ལོ་ ༢༡༤༨ རབ་གནས་ལྕགས་གླང་ལོའི་ཟླ་ ༥ ཚེས་ ༦ དང༌། ཕྱི་ལོ་ ༢༠༢༡ ཟླ་ ༦ ཚེས་ ༡༦ གི་ཉིན་མོ་འདི་ནི། བོད་ཀྱི་རྒྱལ་ས་ལྷ་སའི་ལྷོ་ཁུལ་ལྕགས་ཚ་གྲི་གུ་ཐང་དུ་མདོ་ཁམས་ཆུ་བཞི་སྒང་དྲུག་བསྟན་སྲུང་དང་བླངས་དམག་གི་སྒྲིག་འཛུགས་དབུ་བརྙེས་ནས་མི་ལོ་ཧྲིལ་པོ་ ༦༣ འཁོར་བའི་བོད་ཀྱི་དཔའ་བོའི་ཉིན་མོ་དེ་ཡིན་ལ། མདོ་ཁམས་ཆུ་བཞི་སྒང་དྲུག་གི་ཁྱབ་ཁོངས་ས་གནས་ཡོངས་སུ་རྫོགས་པས་དེ་རིང་ནི་ཉིན་བརྒྱ་དུས་གཅིག་ཏུ་དུས་དྲན་སྲུང་བརྩི་ཞུ་བཞིན་ཡོད། འདིར་ཆེས་ཐོག་མར་དྲན་གསོ་དང་གུས་འདུད་ཞུ་དགོས་ས་གཙོ་བོ་ནི། ཕྱི་ལོ་ ༡༩༤༨ ནས་ད་བར་བོད་ཁ་བ་ཅན་གྱི་རྒྱལ་བསྟན་ཆབ་སྲིད་མི་རིགས་སྤྱིའི་བདག་དབང་སྲུང་སྐྱོབ་ཆེད་དུ་རྩ་ཆེའི་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བློས་བཏང་གནང་ནས་སྐུ་གཤེགས་པའི་གངས་ལྗོངས་དཔའ་བོའི་ཁྱུ་མཆོག་ཛ་སག་དམག་སྤྱི་ཨ་འབྲུག་མགོན་པོ་བཀྲ་ཤིས་མཆོག་གིས་གཙོས་པའི་ཆུ་སྒང་གི་དཔའ་རྒོད་དམ་པ་རྣམས་དང་། ད་ལྟ་ཞལ་བཞུགས་པའི་རྒྱལ་གཅེས་སྙིང་སྟོབས་དང་ལྷག་བསམ་ལྡན་པ་རྣམས་ཡིན། གོ་སྐབས་འདི་བརྒྱུད་ནས་གཤེགས་ཟིན་པའི་རྒྱལ་གཅེས་དཔའ་རྒོད་ཁོང་ཅག་ལ་ཡིད་གདུང་དྲག་པོའི་སྒོ་ནས་མྱ་ངན་གུས་འདུད་ཞུ་བཞིན་ཡོད་ལ།ཤུལ་ལུས་ལྟོས་བཅས་ཡོངས་ལ་གདུང་སེམས་མཉམ་བསྐྱེད་ཀྱང་སེམས་གཏིང་ནས་ཞུ་བཞིན་ཡོད། དེ་བཞིན་དེ་རིང་གི་དུས་དྲན་མཛད་སྒོ་འདིར་ཆེད་ཕེབས་གནང་བའི་བཀུར་འོས་འབྲེལ་ཡོད་མི་སྣ་རྣམ་པ་ཡོངས་ལ་གུས་བཀུར་ཆེན་པོའི་ངང་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། 

 དེའང་བོད་བཙན་པོ་རིམ་བྱོན་གྱི་དུས་སྐབས་ནས་བཟུང་རི་ཁ་བ་ཅན་གྱི་ལྗོངས་འདི་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཡིན་པར་བརྟེན། རང་ས་རང་བདག་དང་། རང་དབང་སྲུང་སྐྱོབ་ཆེད་དུ་བཙན་འཛུལ་བའི་ནུས་སྟོབས་ཆེ་ཞན་དང་། གོ་ལག་གི་མཐུན་རྐྱེན་འཛོམས་མིན། དམག་ཤུགས་ཀྱི་ནུས་སྟོབས་ཡོད་མེད་སོགས་ལ་མ་ལྟོས་པར་དུས་རབས་མང་པོའི་རིང་བོད་རྒྱལ་ཁབ་ཆེན་མོའི་མངའ་ཐང་ནི་ཡར་གླིང་སུམ་གཉིས་ས་ཡི་དཀྱིལ་འཁོར་ལ་དབང་བསྒྱུར་བའི་ལོ་རྒྱུས་འཛམ་གླིང་གི་ཟིན་ཐོ་དང༌། རྡོ་རིང་། ཡིག་རྙིང་། དེ་བཞིན་དེབ་ཐེར་ཁག་ན་གསལ་པོ་འཁོད་ཡོད་ཅིང་། ཆབ་སྲིད་དང་དཔལ་འབྱོར། དམག་དོན་སོགས་ཕྱོགས་ཡོངས་ནས་དབང་ཆ་འདྲ་མཉམ་ཐོག་རྒྱལ་ཁབ་མང་པོ་དང་ལྷན་དུ་ཆིངས་ཡིག་བཞག་ཡོད་པ་སོགས་ཀྱིས་མཚོན། ལོ་རྒྱུས་ཀྱི་བདེན་དཔང་བྱས་པའི་བོད་རྒྱལ་ཁབ་ཆེན་མོ་ནི་ཞི་བདེ་དང་ལྷིང་འཇགས་ཐོག་གནས་ཐུབ་པ་བྱུང་ཡོད།  ཕྱི་ལོ་ ༡༩༤༩ ནས་བཟུང་དགྲ་བོ་རྒྱ་དམར་གྱིས་བོད་ས་ཡོངས་རྫོགས་དབང་བསྒྱུར་བྱེད་རྒྱུའི་བསམ་ངན་ཞེ་ལ་བཅངས། བོད་རྒྱལ་ཁབ་ཆེན་མོའི་བདག་དབང་བཙན་གྱིས་འཕྲོག་རྒྱུའི་སྦྱོར་ངན་ལག་ཏུ་བསྟར། བོད་ཡུལ་དུ་བཙན་འཛུལ་བྱེད་འགོ་བཙུགས་པ་སོགས་ཆེས་ཛ་དྲག་དང་གཉན་འཕྲང་ཅན་གྱི་དུས་སྐབས་དེར། མདོ་ཁམས་ཆུ་བཞི་སྒང་དྲུག་གི་ཁྱབ་ཁོངས་རྒྱལ་གཅེས་དཔའ་རྒོད་ཚོས་རང་ས་རང་སྲུང་གི་སྙིང་སྟོབས་དང་ཆོད་སེམས་བརྟན་པོའི་ངང་བཙན་རྒོལ་རྒྱལ་སྐྱོབ་ཆེད་དུ་རང་སྲོག་དམར་པོ་དགྲ་བོའི་རྫས་མདེལ་གྱི་སོ་ཁར་གཏད་ནས། ཐོག་མར་བོད་ཤར་ཕྱོགས་ནས་དགྲ་བོར་འགོག་རྒོལ་རིམ་པར་བྱས་ཤིང་། མཐར་བོད་ཀྱི་རྒྱལ་ས་ལྷ་སར་བོད་རྒྱལ་ཁབ་ཆེན་མོའི་བདག་དབང་སྲུང་སྐྱོབ་ཆེད་དུ་ཁྲག་གི་རྒྱ་མཚོ་བསྐྱིལ་བ་དང་། རུས་པའི་རི་བོ་བརྩིགས་ནས་དགྲ་བོ་ལ་ཕར་རྒོལ་དང་དམག་འཐབ་དྲག་པོ་བཟོས་ཡོད། དགྲ་དམག་ཁྲི་ཚོ་མང་པོ་དཔུང་སྣོན་འབྱོར་ནས་མང་སྣེ་ཉུང་གིས་མ་བརྟན་པའི་དུས་སྐབས་སུའང༌། རྒྱལ་གཅེས་དཔའ་རྒོད་ཚོས་དམག་འཐབ་ལས་རྒྱལ་ཁ་ལོན་ཐུབ་པའི་རེ་བ་དང་། སྙིང་སྟོབས། ཆོད་སེམས། ལར་ཞེན་སོགས་ལ་འགྱུར་བ་བཏང་མ་མྱོང་ལ། ཕྱི་ལོ་ ༡༩༥༨ ཟླ་ ༢ ཚེས་ ༡༨ ཉིན་གངས་ཅན་དཔའ་བོའི་ཁྱུ་མཆོག་དམག་སྤྱི་ཛ་སག་ཨ་འབྲུག་མགོན་པོ་བཀྲ་ཤིས་གསང་སྟབས་ཀྱིས་འཛོམས་ཏེ། བོད་རྒྱལ་ཁབ་ཆེན་མོའི་རང་དབང་རང་བཙན་གྱི་བདག་དབང་སྲུང་སྐྱོབ་ཆེད་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བློས་བཏང་སྟེ། མདོ་ཁམས་ཆུ་བཞི་སྒང་དྲུག་བསྟན་སྲུང་དང་བླངས་དམག་གི་སྒྲིག་འཛུགས་ཇི་ལྟར་གསར་འཛུགས་དགོས་མིན་སྐོར་གྱི་ཞིབ་གྲོས་དང་། དགྲ་བོ་ལ་རྒོལ་ལན་སློག་རྒྱུའི་མནའ་གན་མཐུ་མོ་ཆེ་བཞག་ནས་བོད་རྒྱལ་ཁབ་ཆེན་མོ་སྲུང་སྐྱོབ་བྱེད་རྒྱུར་ཆེས་ཐོག་མའི་དམ་བཅའ་དང་པོ་དེ་ཕུལ་ཡོད་པ་རེད།

         ཕྱི་ལོ་ ༡༩༥༨ ཟླ་ ༦ ཚེས་ ༡༦ ས་ཕོ་ཁྱི་ལོའི་ཟླ་བ་ ༥ ཚེས་པ་བདུན་གྱི་ཉིན་མོར། ཡར་འབྲོག་གཡུ་མཚོའི་ཕར་འགྲམ།གཉལ་ལྷུན་རྩེ་རྫོང་གི་ཚུར་འགྲམ། ཡར་ཀླུང་ཕོ་བྲང་གི་ཕར་ནང་། མཚོ་སྣའི་ཐང་ཆེན་གྱི་ཡར་ནང་། རྒྱལ་ས་ལྷ་སའི་ལྷོ་ཁུལ།དཔལ་མགོན་པོ་ནག་པོའི་བླ་མཚོ། ལྕགས་ཚ་གྲི་གུའི་མཚོ་ཁ། ཐང་ཆེན་བཀྲ་ཤིས་མཐོང་སྨོན་གླིང་དུ་ཆུ་སྒང་གི་དཔའ་རྒོད་ཚོས་བོད་གངས་ཅན་ལྗོངས་ཀྱི་རྒྱལ་བསྟན་ཆབ་སྲིད་དང་བཅས་པའི་བདག་དབང་སྲུང་སྐྱོབ་ཆེད་དུ། བོད་བཙན་པོའི་དུས་སྐབས་ཀྱི་སྙིང་ཁམས་དང་སྟོབས་ཤུགས་སླར་གསོ་བྱས་ཏེ། མདོ་ཁམས་ཆུ་བཞི་སྒང་དྲུག་བསྟན་སྲུང་དང་བླངས་དམག་གི་སྒྲིག་འཛུགས་དངོས་སུ་དབུ་བརྙེས་ཡོད། དགྲ་བོར་འགོག་རྒོལ་གྱི་བྱེད་ཐབས་སྔོན་སོང་ཐོག །ཡབ་མེས་བཙན་པོ་རིམ་བྱོན་གྱི་སྙིང་སྟོབས་ལས་བསྐྲུན་པའི་བོད་རྒྱལ་ཁབ་ཆེན་མོའི་བདག་དབང་སྲུང་སྐྱོབ་ཆེད་དུ་དམག་དང་གོ་མཚོན་བསྡུ་རུབ་བྱས་ནས་དམག་འཐབ་ཀྱི་ཐབས་ཇུས་འདྲ་མིན་བཏིང་ཤིང༌། ལྷག་པར་དུ་དགྲ་བོ་རྒྱ་དམར་གྱི་རྒྱལ་རྟགས་ཟེར་བ་དང་ཐོ་བའི་ཁ་གནོན་དུ་དམིགས་ཏེ། དགྲ་སྲོག་རྩད་ནས་གཅོད་ཅིང་གཡུལ་ལས་རྣམ་པར་རྒྱལ་ཐུབ་པའི་རྟེན་འབྲེལ་མཚོན་ཆེད་དུ་དམག་དར་རལ་གྲི་བསྣོལ་མ་ཡང་གསར་བཟོ་བྱས་ཡོད་པ་རེད། ཉིན་དེ་ནས་བཟུང་དམག་དར་རལ་གྲི་ཁ་སྤྲོད་འདི་བོད་ཁ་བ་གངས་ཅན་པའི་སྙིང་སྟོབས་དང་ཆོད་སེམས་སུ་བརྩིས་ནས་ནམ་མཁར་བསྒྲེངས་ཏེ། མདོ་ཁམས་ཆུ་བཞི་སྒང་དྲུག་བསྟན་སྲུང་དང་བླངས་དམག་ཁོངས་ཀྱི་དཔའ་རྒོད་ཚོས་བོད་རྒྱལ་ཁབ་དང་མི་རིགས་ཀྱི་བདག་དབང་སྲུང་སྐྱོབ་དང་། ལྷག་པར་དུ་བོད་རྒྱལ་བསྟན་ཆབ་སྲིད་དང་བཅས་པའི་སྲོག་རྩ་ཉག་གཅིག་ྋགོང་ས༧སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོའི་སྐུ་ཕྱྭའི་ཉེན་སྲུང་བཅས་ཀྱི་ཆེད་དུ་ལུས་སྲོག་ལོངས་སྤྱོད་དང་བཅས་པ་ཡོངས་རྫོགས་བློས་བཏང་སྟེ། དགྲ་བོ་རྒྱ་དམར་ལ་བོད་ཀྱི་རྒྱལ་ས་ལྷ་སའི་བྱང་ཁུལ་དུ་དམག་ཐེངས་ ༡༨ དང༌། ལྷོ་ཁུལ་དུ་དམག་ཐེངས་ཆེ་བ་༣༤ ཆུང་བ་ ༡༥ ལྷག་བརྒྱབ་ནས་རི་སྒང་སྒང་ཐམས་ཅད་རོ་ཡིས་བཀང་། ལུང་གཤོང་གཤོང་ཐམས་ཅད་ཁྲག་གིས་ཁེངས། ཤི་བསད་ཁྲག་གི་འཁོར་ལོ་བསྐོར་ཡོད་པའི་དངོས་བྱུང་ལོ་རྒྱུས་འདི་ནི། བོད་གངས་ཅན་པའི་ཉེ་རབས་ཀྱི་ལོ་རྒྱུས་ནང་གསེར་གྱི་ཡིག་འབྲུ་ལ་འབྲི་རིན་ཡོད་པ་ཞིག་ཡིན་ལ། ལས་འབྲས་དཔང་པོ་འཇོག་མཁན་གྱི་འགྲོ་བ་མིའི་སྤྱི་ཚོགས་ཤིག་ཡིན་ན། དེ་ལྟར་ཅིས་ཀྱང་ངོས་འཛིན་བྱེད་དགོས་ངེས་ཤིག་ཀྱང་རེད། དེ་བཞིན་ཆུ་སྒང་གི་དཔའ་བོ་ཚོས་ཨ་རིའི་གསང་བའི་ལས་ཁུངས་(CIA) ལ་འབྲེལ་བ་བྱས་ཏེ་གསང་བའི་དམག་སྦྱོང་ཐོབ་པའི་ལི་ཐང་ཨ་ཐར་ནོར་བུ་དང་། སྡེ་དགེ་བྱ་རྒོད་སྲས་དོན་ཡོད་སོགས་བོད་ཁ་བ་ཅན་པའི་བསྟན་སྲིད་དང་མི་རིགས་ལ་ཞེ་བློ་དཀར་བའི་དཔའ་རྒོད་མང་པོ་ཞིག་སྔ་ཕྱིར་བོད་ཀྱི་ས་ཐོག་ཏུ་གནམ་མཆོང་བརྒྱབ་སྟེ་དགྲ་བོ་ལ་ཕར་རྒོལ་དྲག་པོ་བྱས་ཡོད། མཐར་ཕྱོགས་ཡོངས་ནས་མང་སྣེ་ཉུང་གིས་མ་བརྟན། མདའ་མཚོན་གོ་ལག་གིས་མ་འདང་ནས་ཁམས་པའི་རྒྱལ་གཅེས་དཔའ་རྒོད་ཁྲི་ཚོ་མང་པོ་ཞིག་དགྲ་བོའི་རྫས་མདེལ་འོག་ནས་སྔ་ཕྱིར་ཚེ་སྲོག་ཤོར་བ་དེ་ནི། མི་ལོ་ ༦༣ སོང་ཟིན་པའི་རྗེས་སུའང་ཡིད་གདུང་དྲག་པོའི་མྱ་ངན་ཞུ་ས་ཞིག་ཏུ་མ་ཟད། རང་རེའི་ཡབ་མེས་དམ་པ་ཚོས་བོད་རྒྱལ་བསྟན་སྲུང་སྐྱོབ་ཆེད་རང་སྲོག་དམར་པོ་འབེན་དུ་བཙུགས་ནས་འདི་ལྟར་གཤེགས་སོང་ཤུལ་ན། ད་ལྟ་དངོས་སུ་ལྷག་ཡོད་པའི་རྗེས་འཛིན་ཚོའི་ངོས་ནས་ཁོང་ཅག་གི་དམིགས་ཡུལ་དང་ཕུགས་བསམ་རྒྱུན་འཛིན་བྱས་ནས། དགྲ་བོར་རྒོལ་ལན་སྤྲོད་རྒྱུའི་གྲ་སྒྲིག་ཨང་གསར་མི་རབས་ནས་མི་རབས་བར་བྱེད་དགོས་པ་ནི་ལོ་རྒྱུས་ཀྱི་སྤྲད་པའི་འགན་འཁྲི་ཡིན་པ་དེ་རིང་དུས་དྲན་འདི་དང་འབྲེལ་ནས་སླར་ཡང་གསལ་འདེབས་ཞུ་རྒྱུ་ཡིན།    མདོ་ཁམས་ཆུ་བཞི་སྒང་དྲུག་གི་དཔའ་རྒོད་ཚོས་མུ་མཐུད་ནས་བཙན་རྒོལ་རྒྱལ་སྐྱོབ་ཀྱི་སྙིང་སྟོབས་ཞུམ་པ་མེད་པའི་ཐོག་ནས་བོད་བཙན་པོའི་རྒྱལ་ཁབ་ཆེན་མོ་འདི་མུ་མཐུད་གནས་ཐབས་དང༌། བོད་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་བོད་མིའི་བླ་ན་མེད་པའི་མཚོན་རྟགས་ྋགོང་ས་ྋརྒྱལ་བ་རིན་པོ་ཆེ་མཆོག་གི་སྐུ་ཕྱྭའི་ཉེན་སྲུང་ཆེད་དུ་ཚེ་སྲོག་གི་འགྲོ་གྲོན་བཏང་ནས་ལྷག་པ་གཡོ་བ་མེད་པའི་ཐོག་འབད་བརྩོན་བྱས་འབྲས་ལ་བརྟེན། མཐར་བཙན་བྱོལ་དུ་གྱར་དགོས་ཐུག་ཀྱང་། བོད་མིའི་གཞུང་དང་གཞུང་གི་མཛད་གཙོ་རྣམ་པ། ལྷག་པར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་སྐུ་ཟིལ་པ་ཁྲོམ་མེར་ད་དུང་ཡང་བོད་མིའི་བླ་ན་མེད་པའི་མགོན་སྐྱབས་ཙམ་དུ་མ་ཟད། གླིང་ཆེན་ཨེ་ཤ་ཡ་བརྒལ་ནས་འཛམ་གླིང་ཞི་བདེའི་དེད་དཔོན་གྱི་མཚན་སྙན་སྲིད་པ་གསུམ་གྱི་ཁྱོན་ན་འབར་བཞིན་དུ་བཞུགས་ཡོད་ཅིང་། ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཀྱིས་མཚོན། སའི་གོ་ལ་འདིའི་ཐོག་གཟེངས་རྟགས་བརྒྱ་ཕྲག་ལས་བརྒལ་བ་རིམ་པར་བཞེས་གནང་བ་སོགས་ཀྱང་མདོ་ཁམས་ཆུ་བཞི་སྒང་དྲུག་གི་དཔའ་རྒོད་དམ་པ་ཚོས་རང་སྲོག་དམར་པོ་འབེན་ལ་བཙུགས་པའི་གྲུབ་འབྲས་གཙོ་བོ་དེ་ཡིན་པར་ངོས་འཛིན་བྱེད་བཞིན་ཡོད། བཙན་བྱོལ་རང་དབང་ལུང་པར་འབྱོར་བའི་རྗེས་སུའང་། མདོ་ཁམས་ཆུ་བཞི་སྒང་དྲུག་གི་མགོ་དམངས་ཡོངས་ནས་ས་གང་སྐྱིད་ཀྱི་ཉི་མ་འདེ། ཆུ་གང་ཞིམ་གྱི་བྲོ་བ་མྱོང་སྟེ་རང་མགོ་རང་ཐོན་བྱས་ནས་ཕྱིན་མེད་ལ། རྩྭ་ཤར་ནས་ཟ། རིལ་མ་ནུབ་ལ་བཏང་སྟེ་ཕ་མགོ་བུ་གཡོག་དང་བུ་མགོ་དགྲ་གཡོག་གི་ལས་ཀའང་བྱེད་མ་མྱོང་། མུ་མཐུད་དེ་གློ་དམག་སྒར་གསར་འཛུགས་བྱས་ཤིང་། བསྟན་དགྲ་རྒྱ་དམར་ལ་སྔ་ཕྱིར་འཐབ་རྒོལ་རིམ་པར་བྱས་ཡོད་ཚུལ་ད་ཆ་འཛམ་གླིང་གི་ཟིན་ཐོ་བྱུང་རབས་དེབ་ཐེར་མང་པོའི་ནང་དངོས་བྱུང་ལོ་རྒྱུས་ཐོན་བཞིན་ཡོད། ལྷག་པར་ྋསྤྱི་ནོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཐུགས་བསྐྱེད་ཉི་མའི་འོད་སྣང་དང་མ་འབྲལ་བར། རང་འགན་རང་ཁུར་ཐོག་སྒྲིག་འཛུགས་འདིའི་ངོས་ནས་བོད་རྒྱལ་བསྟན་ཆབ་སྲིད་ཛ་དྲག་དང་གཉན་འཕྲང་ཆེ་བའི་སྐབས་ནས་ད་ལྟའི་བར་བོད་གཞུང་ངམ་དབུས་བོད་མིའི་སྒྲིག་འཛུགས་ལ་ལྷག་བསམ་གཡོ་བ་མེད་པའི་ཐོག་དབུ་འོག་དཔུང་འདེགས་བྱས་ཡོད་པ་ལས། ༧གོང་ས་མཆོག་གི་མཚན་བེད་སྤྱོད་ལོག་པར་བཏང་ནས་ནང་ཁུལ་མཐུན་ལམ་ལ་གཏོར་བརླག་དང༌། དགྲ་དགའ་གཉེན་སྡུག་གི་ལས་ཀ་མངོན་ལྐོག་རྒྱབ་མདུན་གང་ནས་ཀྱང་སྒྲུབ་མྱོང་མེད་པ་མ་ཟད། མདོ་ཁམས་ཆུ་བཞི་སྒང་དྲུག་གི་མི་རབས་རྒན་པ་ཚོའི་བོད་བསྟན་སྲིད་ལ་བཅངས་པའི་རླབས་ཆེན་གྱི་ལྷག་བསམ་དང་འོད་སྟོང་འབར་བའི་ཕུགས་འདུན་གཞིར་བཟུང་གིས་མི་རབས་གསར་པའི་གཞོན་ནུ་རྣམས་ཀྱིས་ལས་དོན་མཇུག་སྐྱོང་དང༌། བོད་དོན་བདེན་མཐའ་གསལ་ཐབས་སུ་དུས་ནས་དུས་སུ་བོད་མིའི་སྒྲིག་འཛུགས་ལ་ཕྱར་གྲུ་མཉམ་འདེགས་ཀྱི་ལས་ཁུར་ཞུ་མུས་ཡིན་པ་བརྒྱ་སྡེ་ཀུན་གསལ་རེད། དེ་བཞིན་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དུས་ཀུན་ལམ་སྟོན་གནང་དོན་ལྟར་བོད་ཀྱི་བྱུང་རབས་ལོ་རྒྱུས་ཁྲོད་ཀྱི་རྒྱལ་གཅེས་དཔའ་བོ་འདས་གསོན་ཡོངས་ཀྱི་ལོ་རྒྱུས་བསྡུ་སྒྲིག་དང༌། བོད་བསྟན་སྲིད་ཆེད་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བློས་བཏང་གནང་མྱོང་མཁན་གྱི་རྒན་རབས་ཚོར་བཀའ་དྲིན་རྗེས་དྲན་ཆེད་རྒྱུན་དུ་ནས་ཆུ་སྒང་རྒན་གསོ་ཁང་དུ་རྒན་རབས་ཚོར་ལྟ་སྐྱོང་གང་ལེགས་བྱེད་བཞིན་ཡོད་པ་ཙམ་དུ་མ་ཟད། རྒན་རབས་གྲངས་ ༡༥༧ ལ་འཚོ་སྣོན་རོགས་སྐྱོར་ལོ་ལྟར་འབུལ་བཞིན་ཡོད། དེ་བཞིན་དྷ་ས་ཆུ་སྒང་རིག་གནས་འཛིན་གྲྭར་སྐད་ཡིག་སློབ་སྦྱོང་སྤྲོད་བཞིན་པ་མ་ཟད། མ་འོངས་བོད་ཀྱི་སོན་རྩར་གྱུར་པའི་སློབ་ཕྲུག་ཚོར་སྐུལ་ལྕག་དང་རྒྱབ་སྐྱོར་ཆེད་ལོ་ལྟར་མཐོ་སློབ་འགྲིམ་མཁན་གྱི་སློབ་མ་ ༨༠ དང༌། གཙུག་ལག་རབ་འབྱམས་པ་འགྲིམ་བཞིན་པའི་གཞོན་སྐྱེས་ ༢༠ བཅས་བསྡོམས། མཐོ་རིམ་སློབ་ཕྲུག་ ༡༠༠ ཐམ་པར་སློབ་ཡོན་འབུལ་བཞིན་པའི་ལས་དོན་འདི་ཡང་༸གོང་ས་མཆོག་གི་བཀའི་ཆ་ཤས་ཙམ་སྒྲུབ་ཐབས་ལ་འབད་རྩོན་བྱས་པ་ཡིན།

       ཕྱི་ལོ་ ༢༠༠༠ ལོར་༧གོང་ས་༧རྒྱལ་བ་རིན་པོ་ཆེ་མཆོག་གིས་མདོ་ཁམས་ཆུ་བཞི་སྒང་དྲུག་དབུས་སྤྱི་ཁྱབ་རྒྱུན་ལས་རྣམ་པར་རྒྱལ་ཡོངས་འོས་བསྡུ་བྱེད་དགོས་པའི་ཡོངས་ཁྱབ་བཀའ་སློབ་ལམ་སྟོན་གནང་བའི་ཉིན་དེ་ནས་བཟུང་། ད་ལྟའི་དབུས་རྒྱུན་སྐབས་ ༢༢ བར་རྒྱལ་ཡོངས་འོས་བསྡུའི་ལམ་ནས་འདེམས་ཐོན་བྱུང་དོན་བཞིན་བོད་བསྟན་སྲིད་སྤྱི་ལ་ལྷག་བསམ་ཟོལ་མེད་ཀྱི་སྒོ་ནས་ཞབས་འདེགས་གང་ཐུབ་སྒྲུབ་བཞིན་ཡོད་པ་དང་། བྱེ་བྲག་མདོ་ཁམས་ཆུ་བཞི་སྒང་དྲུག་གི་འདས་པའི་ཚོགས་ཆེན་དང་འགན་ལྷན་རིམ་པའི་གྲོས་ཆོད་ལྟར། འཛམ་གླིང་རྒྱལ་ཁབ་ཁག་གི་ནང་རྟེན་གཞི་བྱས་ཡོད་པའི་མདོ་ཁམས་ཆུ་བཞི་སྒང་དྲུག་གི་ས་གནས་ཁག་དང་། དབུས་སྤྱི་ཁྱབ་རྒྱུན་ལས་ཁང་བར་ལ་སྔར་ལྷག་མཐུན་ལམ་རྡོག་རྩ་ཆིག་སྒྲིལ་ཐོག་དབུས་སའི་སྐབས་བབ་ཀྱི་ལས་དོན་ལམ་ལྷོངས་འཐུས་ཚང་གི་སྲི་ཞུ་སྒྲུབ་བཞིན་ཡོད་ལ། མདོ་ཁམས་རྒྱ་ཆེའི་མི་མང་ནས་ཚོགས་པ་འདིར་ཡིད་ཆེས་དང༌། གདེང་འཇོག །དེ་བཞིན་བརྩི་བཀུར་དང་རེ་བ་ཆེན་པོ་གནང་བཞིན་ཡོད་ལ། ཆུ་སྒང་གི་དཔའ་རྒོད་དམ་པ་ཚོའི་དམིགས་འདུན་སྙིང་དབུས་སུ་བཅངས་ཏེ་མུ་མཐུད་ལས་དོན་ཡོངས་ཡར་རྒྱས་ཚགས་ཚུད་ཀྱིས་རྒྱུན་སྐྱོང་ཡོང་ཐབས་སུ་འབད་རྩོན་ཞུ་བཞིན་ཡོད།

 རང་ཅག་བཙན་བྱོལ་ལ་འབྱོར་ནས་ཉི་མ་དེ་རིང་གི་བར་དུ་རང་ཉིད་ཀྱི་ལྟོ་ཕོར་པའི་ཁེ་ཕན་ཕྲན་བུ་ཞིག་གི་ཆེད་མི་རྗེས་ཁྱི་འགྲོ་དང་མགོ་གཡོག་མགོ་སྐོར་འོག་ལ་ཚུད་ནས། རྩྭ་གང་ཡག་དང་ཆུ་གང་ཞིམ་བལྟས་ནས་རྒྱུག་མཁན་ཁ་ཅིག་དང༌། རང་འདོད་ཕྱོགས་ལྷུང་གིས་མདོ་ཁམས་ཆུ་བཞི་སྒང་དྲུག་གི་སྒྲིག་འཛུགས་འདི་དང་། འདིའི་ཆེས་མཐོའི་དཔོན་རིགས་ཚོའི་འདུན་ལམ་དང་མཚན་མཐོང་ལ་གནོད་པའི་བསམ་ངན་སྦྱོར་རྩུབ་བྱེད་མཁན་རིགས་གཅིག་དང་། དགྲ་དགའ་གཉེན་སྡུག་གི་ལས་ངན་སྒྲུབ་མཁན་རེ་ཟུང་སྔོན་ནས་ད་ལྟའི་བར་དུ་ཕྱི་ནང་གཉིས་ནས་བྱུང་ཡོད་མོད། འདི་ནས་གུ་ཡངས་དང་སྒམ་དཀྱེལ་ལྡན་པའི་སྐབས་བབ་དབུ་ཁྲིད་རྣམ་པ་ཚོའི་ངོས་ནས་དགྲ་གཉེན་གྱི་དབྱེ་བ་ཤེས་པའི་ཐོག་རྒོལ་ལན་སློག་རྒྱུའི་དུས་གྲོན་བྱས་མེད། འོན་ཀྱང་རྗེས་ཕྱོགས་གནད་དོན་འདིའི་རིགས་ལ་མཁྱེན་མཛངས་ལྡན་པའི་མདོ་ཁམས་རྒྱ་ཆེའི་མང་ཚོགས་ཀྱི་ངོས་ནས་དོ་སྣང་དང་དབྱེ་ཞིབ་ངེས་པར་དུ་བྱེད་དགོས་པ་གལ་ཆེར་མཐོང་ཞེས་ནན་སྐུལ་བྱེད་འདོད་བྱུང༌། ལྷག་པར་དུ་དགྲ་བོ་རྒྱ་དམར་གཞུང་གིས་བོད་ཀྱི་རྩ་ཆེའི་དགོན་སྡེ་སྟོང་ཕྲག་མང་པོ་བཙན་གཏོར་དང་རིག་དངོས་ཁོར་ཡུག་གཏོར་བཅོམ་ཚད་མེད་བྱས་ཡོད་པ་མ་ཟད། བོད་མི་འབུམ་ཕྲག་མང་པོ་དུས་མིན་རྐྱེན་ལམ་བཏང་ནས་བོད་རྒྱལ་ཁབ་ཆེན་པོའི་ས་ཁོངས་ཡོངས་བཙན་འཕྲོག་བྱས་ནས་ད་བར་བོད་མིའི་ཆོས་དང་རིག་གཞུང་། སྐད་ཡིག །ཡུལ་སྲོལ་གོམས་གཤིས་སོགས་རྩ་མེད་བཟོས་ནས་བོད་མི་རིགས་འདི་ཡང་རྒྱ་མི་རིགས་ཀྱི་ངོ་བོར་བསྒྱུར་མདོར་ན་བོད་ཅེས་པའི་ཐ་སྙད་དེ་ཡང་འཛམ་གླིང་ས་ཁྲའི་ངོས་ནས་རྩ་མེད་དམ་ནག་བསུབ་བཟོ་རྒྱུའི་གཡོ་ཇུས་འོག ། ད་ལྟའང་གཞིས་བཞུགས་སྤུན་ཟླ་ཚོ་མུ་མཐུད་ནས་བཙོན་འཇུག་དང༌། རྡུང་རྡེག །མནར་གཅོད་སྣ་མང་སོགས་མྱོང་བཞིན་ཡོད། བོད་རྒྱལ་ཁབ་ཀྱི་བདག་དབང་སླར་གསོའི་ཆེད་དུ་མི་ལོ་ ༦༣ ནང་བོད་མི་རིགས་ཀྱིས་ཚེ་སྲོག་གི་འགྲོ་གྲོན་བཏང་ནས་དུས་རབས་ཤིག་གི་རྫོགས་ཚིག་བཀོད་བཞིན་ཡོད་པ་འདི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་གཙོས་དྲང་བདེན་ལ་དགའ་བའི་བོད་དོན་རྒྱབ་སྐྱོར་གནང་མཁན་རྒྱལ་ཁབ་དང༌། ཚོགས་སྒེར་གྱི་སྐྱེ་བོ་ཡོངས་ཀྱིས་བོད་རྒྱའི་དཀའ་རྙོག་སེལ་སླད་དུ་བོད་དོན་རྒྱབ་

སྐྱོར་སྔར་ལྷག་གནང་རོཊ་ཞེས་པའི་འབོད་སྐུལ་ནན་མོ་མུ་མཐུད་ཞུ་བཞིན་ཡོད།   དེ་བཞིན་རྒྱ་གཞུང་གི་དཔོན་རིགས་ཚོས་ལོ་རེ་བཞིན་དྲང་བདེན་མེད་པའི་གཡོན་ཐལ་ཅན་གྱི་སྲིད་བྱུས་འོག །བོད་མི་ཚོས་རང་ལུས་མེར་སྲེག་གིས་མཚོན། ཛ་དྲག་གི་ངོ་རྒོལ་རྒྱུན་མ་ཆད་པ་སྤེལ་བཞིན་པའི་རྒྱུ་རྐྱེན་གཙོ་བོ་ནི། རྒྱ་ནག་གི་རྩ་ཁྲིམས་དང་མི་རིགས་ས་གནས་རང་སྐྱོང་གི་བཅའ་ཁྲིམས་སོ་སོར་ཆོས་དང་རིག་གཞུང་། སྐད་དང་ཡི་གེ །ཁོར་ཡུག་བཅས་སྲུང་སྐྱོབ་བྱེད་ཆོག་པའི་ཆ་རྐྱེན་གསལ་པོ་འཁོད་ཡོད་ནའང་། སྲུང་སྐྱོབ་བྱེད་མཁན་བླ་སྤྲུལ་དང་རྩོམ་པ་པོ། ཤེས་ཡོན་པ། དགེ་རྒན། སློབ་ཕྲུག་སོགས་བོད་མི་ཡོངས་ལ་སྡུག་སྦྱོང་མནར་གཅོད་དང༌། འཛིན་བཟུང་བཙོན་འཇུག་སོགས་བྱེད་བཞིན་པ་འདི་ནི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་དང་ཡོངས་སུ་འགལ་བ་ཞིག་ཡིན་ལ། དུས་རྒྱུན་ནས་བོད་ས་ཁྱོན་ཡོངས་སུ་ཆོས་དད་རང་མོས་མི་སྤྲད་པ། རང་བྱུང་གཏེར་ཁ་སྔོག་འདོན་དང་། གཙང་པོའི་ཁ་ལོ་བསྒྱུར་བ། ཤིང་ནགས་གཅོད་འབྲེག་དང་ཁོར་ཡུག་གཏོར་སྐྱོན་སོགས་བོད་ཀྱི་སྣོད་བཅུད་གཉིས་ཚབས་ཆེན་གཏོར་བརླག་བཏང་དང་གཏོང་བཞིན་པ་དང༌། ལྷག་པར་དུ་༧པཎ་ཆེན་ཆུང་སྲིད་རིན་པོ་ཆེ་གཙོས་ཉེས་མེད་བོད་མི་མང་པོ་ཞིག་གང་བྱུང་འཇུ་བཟུང་དང་། བཙོན་འཇུག་མནར་གཅོད་གཏོང་བཞིན་པས་མཚོན། མདོར་ན་བོད་ཡུལ་རྒྱ་ཡུལ་དུ་བསྒྱུར་ནས་བོད་མི་རིགས་རྩ་མེད་བཟོ་རྒྱུའི་ཇུས་ངན་སྣ་ཚོགས་སྤེལ་བཞིན་པ་སོགས་འཕྲལ་དུ་མཚམས་བཞག་སྟེ། བོད་རྒྱ་ཞི་མོལ་གྱི་ལམ་ནས་རྒྱལ་ཁབ་གཉིས་ཀྱི་དཀའ་རྙོག་སེལ་ཐབས་དགོས་པ་རེད་ཅེས་ནན་བརྗོད་བྱ་རྒྱུ་ཡིན།རྒྱ་ནག་དཔོན་རིགས་ཚོས་བོད་རྒྱའི་དཀའ་རྙོག་སེལ་རྒྱུར་གཡོལ་ཐབས་བྱེད་བཞིན་པ་ནི། དོན་དངོས་ཐོག་བདེན་པ་དང་གནས་ལུགས་མེད་བཞིན་དུ་གཡོ་ཧམ་དང་གཡོན་ཐལ་ཅན་གྱི་སྲིད་ཇུས་སྣ་མང་ཞིག་བོད་མི་རིགས་འདིའི་ཐོག་ལོག་སྤྱོད་བྱེད་བཞིན་ཡོད་པའི་རྒྱུ་མཚན་གྱིས་རེད། དེ་ནི་ནམ་རིང་སྒྲུང་གིས་ཆོད་ཐབས་མེད་པ་དང་ཉི་ཤར་སྤར་མོས་ཁེབས་ཐབས་མེད་པ་ཡིན་དུས། ད་ལྟའི་དུས་སུ་བོད་རྒྱའི་དཀའ་རྙོག་གི་གནད་དོན་ཐད་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་འགྲོ་རྒྱུའི་ཐབས་ལམ་ཉག་གཅིག་ནི། བོད་རྒྱ་གཉིས་བར་ཕན་ཚུན་གྲོས་མོལ་གང་ལེགས་ཤིག་ཡོང་བར་རེ་སྒུག་བྱས་ནས་ཡོད། ྋགོང་ས་མཆོག་གི་རླབས་ཆེན་ཐུགས་བསྐྱེད་ཟབ་མོའི་ཉི་འོད་སའི་གོ་ལ་འདིའི་ཐོག་འཕྲོ་བཞིན་ཡོད་པའི་གོ་སྐབས་འདི་དང་བསྟུན་ནས་བོད་མི་རིགས་ཀྱི་མངོན་འདོད་གཞིར་བཟུང་གིས་བོད་རྒྱའི་དཀའ་རྙོག་སེལ་ཐབས་བྱེད་དགོས་པ་ཧ་ཅང་གལ་ཆེ་བའི་གསལ་འདེབས་བྱ་རྒྱུ་དང་། གལ་སྲིད་ད་དུང་རྒྱ་གཞུང་གི་དཔོན་རིགས་ཚོས་བོད་རྒྱའི་དཀའ་རྙོག་འདི་གང་མགྱོགས་གཙང་སེལ་མ་བྱས་ཚེ། བོད་མི་རིགས་ཀྱི་བདག་དབང་སླར་གསོའི་ཆོད་སེམས་འདི་ལ་དུས་ནམ་ཡང་འགྱུར་བ་མེད་པ་ཟུར་བལྟས་ལེབ་མཐོང་ཡིན་ཙང་། འབྱུང་འགྱུར་བོད་རྒྱའི་དཀའ་རྙོག་འདིའི་རྐྱེན་རྩ་ཇི་ཡོང་ལ་རྒྱ་ནག་གཞུང་གིས་འགན་ཁུར་ཆ་ཚང་དགོས་ཞེས་དྲན་སྐུལ་ནན་མོ་བྱེད་འདོད་བྱུང༌།

       སྐབས་ ༢༢ པའི་མདོ་ཁམས་ཆུ་བཞི་སྒང་དྲུག་དབུས་རྒྱུན་ཚོགས་ཐེངས་ ༢ པའི་སྐབས་སུ་སྤྱི་མོས་ཀྱིས་བཞག་པའི་གྲོས་ཆོད་ནང་གསལ་ལྟར། ྋགོང་ས་༧་སྐྱབས་མགོན་ཆེན་པོ་མཆོག་གིས་འཇིག་རྟེན་སྐྱེ་འགྲོ་སྤྱི་དང༌། ཁྱད་པར་གངས་རིའི་ལྗོངས་ཀྱི་ཉམ་ཐག་པའི་གདུལ་བྱ་རྣམས་ལ་ཐུགས་བརྩེས་ཡུན་དུ་བསྐྱངས་པའི་བཀའ་དྲིན་རྗེས་དྲན་མཚོན་ཆེད་མདོ་ཁམས་ཆུ་བཞི་སྒང་དྲུག་གི་ཁྱབ་ཁོངས་ས་གནས་ཡོངས་རྫོགས་ནས་འཕགས་མཆོག་སྤྱན་རས་གཟིགས་ཀྱི་མཚན་སྔགས་སོགས་མཚན་སྔགས་རྣམས་གང་མང་གསོག་སྒྲུབ་ཞུས་པའི་བསྒྲུབས་ཐོ་དང༌། ཁ་བཏགས་དཀར་པོ་དྲི་མ་མེད་པས་སྣ་དྲངས་ཏེ། ཕྱོགས་དུས་རྒྱལ་བ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་མི་ཤིག་པའི་ངོ་བོ་གཅིག་ཏུ་འདུས་པའི་རང་གཟུགས་མགོན་པོ་ཚེ་དཔག་མེད་ཀྱི་སྐུ་སྤུས་ལེགས་བཅས་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལ་དགའ་དད་སྤྲོ་གསུམ་གྱི་སྒོ་ནས་བཀའ་དྲིན་སྙིང་བཅངས་ཀྱིས་ཕུལ་སྟེ།སྤྱིར་ན་ནམ་མཁའ་དང་མཉམ་པའི་རིགས་ལྔ་རིགས་དྲུག་གི་འགྲོ་བ་སྤྱིའི་ཆེད་དང་། སྒོས་སུ་ཡངས་པའི་ས་ཆེན་པོ་འདི་ཉིད་ལ་བརྟེན་ཅིང་གནས་པའི་སྐྱེ་འགྲོ་ཡོངས་ཀྱི་ཆེད་དང༌། ཡང་སྒོས་ཁ་བ་གངས་ཅན་ལྗོངས་ཀྱི་དད་ལྡན་བུ་སློབ་རྣམས་ལ་ཐུགས་བརྩེ་ཡེ་ཤེས་ཀྱི་འཇུག་པ་ནམ་ཡང་མི་འདོར་བར་ཞབས་པད་བསྐལ་པ་རྒྱ་མཚོར་རྟག་བརྟན་འགྱུར་མེད་ཀྱི་ངང་ནས་སྐུ་མཚན་དཔེའི་གཟི་བྱིན་ལྷམ་མེ། གསུང་ཐེག་ཆེན་ཆོས་སྒྲ་ལྷང་ངེ། ཐུགས་མི་ཕྱེད་རྡོ་རྗེ་ལྷན་ནེར་མཛད་པ་དང་འཕྲིན་ལས་སྒོ་ཐམས་ཅད་ནས་ཕྱོགས་ཐམས་ཅད་དུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པའི་སྨོན་འདུན་ཞུས་ཡོད།

      མཐའ་དོན། གནས་ཡུལ་རྒྱ་གར་གཞུང་དམངས་གཉིས་ལ་བཀའ་དྲིན་རྗེས་དྲན་ཞུ་རྒྱུ་དང་སྦྲགས། ྋགོང་ས་ྋརྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་གིས་དབུས་རིས་སུ་མ་ཆད་པའི་བསྟན་འཛིན་གྱི་སྐྱེས་ཆེན་དམ་པ་རྣམས་སྐུ་ཚེ་ཡུན་དུ་བརྟན་ཅིང་། ཐུགས་ཀྱི་བཞེད་དགོངས་མཐའ་དག་ལྷུན་གྱིས་འགྲུབ་པ་དང་། རྒྱ་ནག་ཝུ་ཧན་ནས་མཆེད་པའི་ནད་ཡམས་གདུག་པ་ཅན་དེ་ཉིད་མྱུར་དུ་ཞི་ནས་འཛམ་གླིང་ཡངས་པའི་ཁྱོན་དུ་རྫོགས་ལྡན་གསར་པའི་དགའ་སྟོན་ལ་ལོངས་སུ་སྤྱོད་པ་དང༌།གངས་ཅན་དཔའ་བོའི་ཁྱུ་མཆོག་ཛ་སག་ཨ་འབྲུག་མགོན་པོ་བཀྲ་ཤིས་མཆོག་དང་། རྒྱལ་གཅེས་དཔའ་བོ་ལི་ཐང་ཨ་ཐར་ནོར་བུ།མི་རྗེ་བཀའ་བློན་ཁྲི་ཟུར་འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ་གསུམ་གྱིས་གཙོས་རྒྱལ་གཅེས་དཔའ་རྒོད་ཚོའི་རླབས་ཆེན་གྱི་དམིགས་འདུན་ཟབ་མོ་དང་། མགོ་ནག་བོད་མི་ཡོངས་ཀྱི་མངོན་འདོད་བོད་རང་དབང་རང་བཙན་གྱི་བདེན་མཐའ་གསེར་གྱི་ཉི་མ་མྱུར་དུ་འཆར་བ་དང་། གཞིས་བྱེས་ལྷན་འཛོམས་ཀྱི་རྫོགས་ལྡན་གསར་པའི་དགའ་སྟོན་ལ་གང་མགྱོགས་ལོངས་སུ་སྤྱོད་པའི་སྨོན་འདུན་ཤུགས་དྲག་བཅས།

                            མདོ་ཁམས་ཆུ་བཞི་སྒང་དྲུག་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ནས་ཕྱི་ལོ་༢༠༢༡ ཟླ་ ༦ ཚེས་ ༡༦ ལ།།

གསར་འགོད་པ། མཁར་འཕགས་ནས།